དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ སློབ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་གྱི་བསམ་གཞིག་ཐོར་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-13

    རྩོམ་འབྲི་བའི་བྱ་བ་ནི་སྤྱི་འདུས་རང་བཞིན་ལྡན་པའི་ཀླད་པའི་ངལ་རྩོལ་ཞིག་ཡིན་ཞིང་། དེ་ནི་ངེས་པར་དུ་རྩོམ་པ་པོ་རང་ཉིད་ཀྱིས་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་འཛིན་པའི་ཤིན་ཏུ་རྣོ་བའི་ཚོར་བ་དང་། ཡུན་རིང་སྤྱི་ཚོགས་ཀྱི་འཚོ་བར་ཟབ་འཇུག་གིས་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་ལག་པ་ཡང་ཡང་འགུལ་དགོས་རྐྱེན་ལག་ལེན་རང་བཞིན་ལ་བརྟེན་དགོས་པ་ཞིག་ཡིན།

    འོན་ཀྱང་། དེང་སྐབས་བོད་སྐད་ཡིག་གི་སློབ་གཉེར་བརྒྱུད་རིམ་ནང་སློབ་མའི་དོན་ངོ་མའི་རྩོམ་འབྲིའི་འཇོན་ཐང་གསོ་སྐྱོང་བྱེད་རྒྱུའི་ཐད་ལྷོད་གཡེང་ཤོར་བ་དེས་དམིགས་ནས་ཁོ་བོས་ལོ་མང་གི་སློབ་ཁྲིད་ཉམས་མྱོང་ལ་གཞིགས་ཏེ་རང་བློས་གང་དཔོག་གི་ཚུལ་དུ་སློབ་མའི་རྩོམ་འབྲིའི་ནུས་པ་ཇི་ལྟར་གོང་མཐོར་གཏོང་ཐབས་སྐོར་གྱི་གནད་དོན་འགའ་ཞིག་གླེང་བར་བྱའོ།

    དང་པོ། སློབ་མ་ཚོར་ཆུང་དུས་ནས་བོད་སྐད་སྦྱོང་བའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས་པ།

    ཁྱིམ་ཚང་གི་སློབ་གསོ་ནི་བུ་ཕྲུག་འཚར་ལོངས་ཡོང་བའི་བརྒྱུད་རིམ་ནང་ཆེས་ཐོག་མ་དང་གཞི་རྩའི་སློབ་གསོ་ཞིག་ཡིན། དེང་སྐབས་གྲོང་ཁྱེར་དང་ལས་བྱེད་ཁྱིམ་ཚང་མི་ཉུང་བ་ཞིག་གི་བུ་ཕྲུག་ཚོས་སྐད་ར་མ་ལུག་རྒྱག་པའི་གནས་ཚུལ་ཚབས་ཆེན་ལྷག་པ་དེས་རྒྱ་སྐད་དང་བོད་སྐད་གཙང་མ་རེ་རྒྱག་མ་ཐུབ་པར“ཕ་རིའི་ལྕི་བ་མེད་པ་དང་ཚུར་རིའི་སླེལ་པོ་མེད་པའི”གནས་སུ་གྱར་བ་ནི་སྤྱི་ཚོགས་དང་ཁྱིམ་ཚང་གི་ཁོར་ཡུག་དང་འབྲེལ་བ་ཤིན་ཏུ་ཆེ་ལ། ལྷག་པར་དུ་དུ་ཁྱིམ་ཚང་སློབ་གསོ་དང་ཐད་ཀར་འབྲེལ་བ་ཡོད་དེ། ཁྱིམ་མི་རྒན་པ་ཚོས་སྐད་གཙང་དག་ཅིག་མ་བརྒྱབ་པ་ལས་ཕྲུ་གུར་ཤུགས་རྐྱེན་ཐེབས་པ་གདོན་མི་ཟ། གནད་དོན་དེས་རྐྱེན་པས་སློབ་མ་མི་ཉུང་བ་ཞིག་གིས་རྩོམ་ཡིག་འབྲི་རྒྱུ་ཕར་བཞག་ཐ་ན་བརྗོད་པ་ཐུང་ངུ་ཞིག་ཀྱང་བོད་ཡིག་གི་ལམ་ནས་འབྲི་སྐབས་གང་འབྲི་འདི་འབྲི་མེད་པར་གྱུར་བཞིན་འདུག་པས། ཁྱིམ་ཚང་སློབ་གསོས་སློབ་མ་རྣམས་ལ་བོད་སྐད་ཤོད་པ་་དང་བོད་ཡིག་སྦྱོང་བའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་རྒྱུ་ནི་ཆེས་རྨང་གཞིར་འགྱུར་པའི་དོན་དངོས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཏུ་སྣང་།

    གཉིས་པ། སུམ་རྟགས་དག་གསུམ་གྱི་རྩ་བའི་རྨང་གཞི་ལེགས་པོ་ཡོད་དགོས་པ།

    དཔལ་ལོས“ཡི་གེའི་སྦྱོར་བ་ལ་འཁྲུལ་ན། དོན་རྣམས་འཁྲུལ་བ་སྨོས་ཅི་དགོས། འདི་ནི་གསུང་རབ་མ་ལུས་པའི། ཕྱི་མོར་ཤེས་པས་མཁས་མང་གི གཞུང་ལ་བརྟེན་ནས་བདག་གིས་ཀྱང་། འདི་ཉིད་ཁོ་ནར་ནན་ཏན་བྱས”ཞེས་གསུངས་པ་ལྟར། བོད་ཡིག་གི་བརྡ་སྤྲོད་སྦྱོར་ཚུལ་ངེས་ཅན་ཤེས་དགོས་པ་གང་ཞིག དེ་དང་འབྲེལ་ནས་མངོན་བརྗོད་བེད་སྤྱོད་གཏོང་སྟངས་འོས་ཤིང་འཚམ་པ་ཞིག་ངེས་པར་དགོས་ཏེ། དེ་ལྟར་མ་བྱུང་ན་སུམ་རྟགས་དག་གསུམ་གྱི་འཇུག་ཚུལ་ནོར་བ་དང་འཁྲུལ་བ་མང་ཞིང་ཚིག་གི་སྦྱོར་བ་མ་ཤེས་ཁར་མངོན་བརྗོད་སོགས་རྒྱན་གྱིས་མ་སྤུད་ཚེ་རྩོམ་ཡིག་དེ་ནི་ཚིག་མང་བསྡུས་པའི་ཕུང་པོ་ཞིག་སྟེ། འཕྲུལ་ཆས་ཀྱི་ལྷུ་ལག་ཆ་ཚང་ཡོད་ཀྱང་དེ་དག་སྒྲིག་སྦྱོར་བྱེད་ཚུལ་ནོར་བ་ལྟར་འགུལ་བསྐྱོད་མི་ཐུབ་པའི་ཕན་མེད་ཅིག་ཆགས་པར་ངེས། དེ་ཡང་། “ཡི་གེ་མི་དག་བརྡ་སྤྲོད་རྒན་པོར་རློམས། ཚིག་སྦྱོར་མི་ཐོན་སྙན་ངག་པ་ལ་རློམས། རྩོད་རིག་མི་ཤེས་གཞུང་སོགས་འགྲེལ་འདོད་པ། གཟུགས་བརྙན་འདི་དག་ཀུན་གྱིས་འཕྱ་བའི་ཡུལ”ཞེས་པ་ལྟར་རོ།

    གསུམ་པ། རྩོམ་འབྲིའི་ཤེས་བྱ་གང་འཚམ་ཞིག་ཁྲིད་སྦྱོང་བྱེད་དགོས་པ།

    རྩོམ་འབྲིའི་རྩ་བའི་ཤེས་བྱ་རྣམས་སློབ་ཁྲིད་བྱེད་རྒྱུ་དེ་ནི་སློབ་མའི་རྩོམ་འབྲིའི་ལག་ལེན་གཙོ་གནད་ཅིག་ཡིན། འོན་ཀྱང་། རྩོམ་འབྲིའི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་དེ་དག་ལ་མཛུབ་ཁྲིད་མེད་ན་རྩོམ་ཡིག་ཡག་པོ་ཞིག་འབྲི་དཀའ་བས་རྩོམ་འབྲིའི་ལག་ལེན་ལ་མཐོང་ཆེན་བྱེད་པ་དང་ཕྱོགས་མཚུངས་རྩོམ་འབྲིའི་རྨང་གཞིའི་ཤེས་བྱ་སློབ་ཁྲིད་བྱེད་རྒྱུར་མཐོང་ཆེན་བྱེད་དགོས་པ་ཡིན།

    དཔེར་ན། ཁང་པ་སྐྲུན་པར་ས་རྡོ་དང་ཤིང་ཆ་སོགས་རྒྱུ་ཆ་ཡོད་ཀྱང་ཁང་པ་ཅི་འདྲ་སྐྲུན་དགོས་པའི་ལས་གྲྭའི་རི་མོ་དང་འཆར་གཞི། ལག་རྩལ་སོགས་མེད་ན་མི་འགྲིག་པ་ཇི་བཞིན་རྩོམ་ཡིག་འབྲི་སྐབས་རྩོམ་འགོ་འཛུགས་སྟངས་དང་གོ་རིམ་སྒྲིག་སྟངས། བརྗོད་བྱ་གཙོ་ཕལ་དབྱེ་ཚུལ། རྩོམ་མཇུག་བསྡུ་ཚུལ་སོགས་རྩོམ་འབྲིའི་ཤེས་བྱ་གང་ལ་གང་འཚམས་ཤིག་ངེས་པར་དུ་ཤེས་དགོས་རྐྱེན་དགེ་རྒན་གྱིས་རྩོམ་འབྲིའི་ཤེས་བྱ་གཙོ་གནད་དུ་བཟུང་ནས་དམ་འཛིན་གྱིས་ཁྲིད་སྦྱོང་བྱེད་དགོས་པ་གལ་འགངས་ཆེ་བར་སྣང་ངོ་།

    བཞི་པ། གཞན་རྩོམ་མང་ཙམ་བལྟ་བ་དང་ལག་པ་མང་ཙམ་འགུལ་དགོས་པ།

    སློབ་མ་ཚོས་རྒྱུན་དུ་གཞན་གྱིས་བྲིས་པའི་དཔེ་དེབ་སྣ་ཚོགས་ལྟ་ཀློག་མང་ཙམ་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་ཐོས་པ་རྒྱ་ཆེར་གསོག་པར་བརྟེན་ནས་རྩོམ་འབྲིའི་རྒྱུ་ཆ་གསོག་འཇོག་བྱེད་དགོས་པའི་སློབ་གསོ་གཏིང་ཟབ་གཏོང་དགོས་ལ། དཔེ་དེབ་ལྟ་ཀློག་བྱེད་སྐབས་ནེ་ཙོའི་འདོན་པ་ལྟར་མ་ཡིན་པར་ངེས་པར་དུ་བསམ་གཞིག་བྱེད་དགོས། དཔེ་དེབ་ལྟ་ཀློག་བྱེད་པའི་བརྒྱུད་རིམ་ནང་ཐམས་ཅད་བསྡུ་ལེན་བྱེད་པའི་བྱེད་སྟངས་དེ་རིགས་དོར་དགོས་ལ། ཡང་རྟ་ལ་བཞོན་ནས་མེ་ཏོག་ལ་བལྟ་བའི་ངང་ཚུལ་ཡང་དོར་དགོས།

    དཔེ་དེབ་ལྟ་ཀློག་བྱེད་སྐབས་ཕྱོགས་རིས་དང་དད་ཞེན་ཡོད་མེད་ཀྱི་བསམ་བློ་དོར་དགོས་ཏེ། གནའ་དེང་དང་ཕྱི་ནང་། རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་དེབ་ལྟ་དགོས་ལ། ལོ་རྒྱུས་རིག་པ་དང་མཛེས་ཆོས་རིག་པའི་དེབ་སོགས་ཀྱང་ལྟ་དགོས་པའི་སྐུལ་མ་གཏོང་དགོས་ལ། དེ་དག་ལས་ཐོབ་པའི་ ཉམས་མྱོང་དག་ལག་པ་མང་ཙམ་འགུལ་ནས་འབྲི་དགོས་པར་སྐུལ་མ་གཏོང་དགོས།

    ལྔ་པ། སྤྱི་ཚོགས་ཀྱི་འཚོ་བའི་ཉམས་མྱོང་ཡང་མི་དམན་ཙམ་དགོས་པ།

    སྤྱི་ཚོགས་འཚོ་བའི་ཉམས་མྱོང་ནི་རང་ཉིད་ངོ་མས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཟབ་འཇུག་བྱས་པ་ལས་བྱུང་བའི་མྱོང་ཚོར་དེ་ཡིན་པས་མྱོང་ཚོར་དེ་ནི་རྩོམ་ཡིག་གི་བརྗོད་བྱའི་གཞི་རྩ་ལྟ་བུ་ཡིན་པས་སློབ་མ་ཚོས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཟབ་འཇུག་བྱས་ཏེ་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་དང་ཉམས་མྱོང་སྣ་ཚོགས་གསོག་འཇོག་བྱེད་པ་ནི་དོན་དངོས་ཐོག་རྩོམ་གྱི་ཐད་ཀའི་རྒྱུ་ཆ་གསོག་པ་ཞིག་ཡིན་ལ། དེ་ལྟ་བུའི་རྒྱུ་ཆ་ཇི་ཙམ་གྱིས་མང་བ་དེ་ཙམ་གྱིས་བརྗོད་བྱ་ཕུན་སུམ་ཚོགས་པའི་རྩོམ་ཡིག་འབྲི་རྒྱུར་ཕན་ཐོགས་ཆེ།

    དཔེར་ན། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་པའི《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པའི《བྱ་སྤྲེལ་གཏམ་རྒྱུད》སོགས་ནི་རྩོམ་པ་པོ་རང་ཉིད་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཟབ་ཞུགས་གནང་བ་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་ལྟ་བ་དང་ཡང་དག་པའི་འཇིག་རྟེན་གནས་ལུགས། ཆེས་བླ་ན་མེད་པའི་ཕུགས་བསམ་སོགས་གསལ་སྟོན་མཛད་པ་དང་དུས་མཚུངས། མ་རབས་ཀྱི་བསམ་སྤྱོད་དང་ལོག་ལྟ་སོགས་ལ་སུན་འབྱིན་མཐིལ་ཕྱིན་པ་མཛད་པའི་ཕུལ་བྱུང་རྩོམ་རིག་ཅིག་ད་ལྟ་ཡང་ངེད་ཚོས་མཐོང་ཆོས་སུ་གྱུར་ཡོད་པས་སློབ་བུ་རྣམས་འཚོ་བའི་ཁོར་ཡུག་གུ་དོག་པོའི་འཆིང་རྒྱ་ལས་གྲོལ་ཏེ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་གི་བྱེད་སྒོ་འདྲ་མིན་སྣ་ཚོགས་ནང་དུ་ཞུགས་སུ་འཇུག་དགོས་པ་དེ་ཐབས་ལམ་བཟང་པོ་ཞིག་ཡིན་པར་མཐོང་ངོ་།

    དེ་ལྟར། སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱ་ཐབས་མདོ་ཙམ་ཞིག་གླེང་ཁུལ་བྱས་པ་དེས་སློབ་མ་ཚོར་ཅུང་ཙམ་ཕན་པར་སྙམ་པའམ་དཔྱད་གཞིའི་ཚུལ་དུ་བསྟན་པར་བྱ་བས་སྙིགས་དོར་བཅུད་ལེན་གྱིས་དཔྱད་པར་འཚལ་ལོ།།

    (ལྷོ་ཁ་སྣ་དཀར་རྩེ་རྫོང་སློབ་འབྲིང་གི་མིག་དམར་བློ་གྲོས)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།