དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་འབྲིང་སློབ་མའི་ཡིག་གཟུགས་དང་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱ་ཐབས་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-08

        ཁོ་བོས་འདིར་བརྗོད་པའི་འབྲི་ནུས་ཞེས་པ་དེ་ནི་གཅིག་ནས་བོད་ཡིག་གི་ཡིག་གཟུགས་དང་གཉིས་ནས་རྩོམ་འབྲི་ལ་བརྗོད་པ་ཡིན། སྤྱིར་རྩོམ་འབྲིའི་སྦྱོང་བརྡར་བརྒྱུད་སློབ་མའི་བསམ་བློའི་ངོས་འཛིན་དང་། འཚོ་བའི་ཉམས་མྱོང་། སྐད་ཡིག་གི་རྨང་གཞིའི་ཤེས་བྱ་བེད་སྤྱོད་བྱེད་སྟངས་དང་སྐད་ཡིག་གི་ཤེས་ཚད་བཅས་མཚོན་གྱི་ཡོད་པས། དེ་ནི་སློབ་མའི་སྐད་ཡིག་གི་ཤེས་བྱ་ཚད་འཛིན་བྱེད་ཀྱི་གཞི་འཛིན་ས་ཞིག་ཡིན་ལ་སྐད་ཡིག་ཤེས་བྱ་ཆེས་གཅིག་སྡུད་ཀྱིས་སྦྱོང་བརྡར་སྤྲོས་ཐབས་ཤིག་ཀྱང་ཡིན། འོན་ཀྱང་ཁོ་བོས་འདིར་འབྲི་ནུས་གསོ་སྐྱོང་བྱ་ཐབས་སྐོར་གླེང་སྐབས་རྩོམ་འབྲི་ཁོ་ན་ཙམ་མ་ཡིན་པར་བོད་ཡིག་གི་ཡིག་གཟུགས་དེ་ཡང་འབྲི་ནུས་ཁོངས་སུ་བཞག་ཡོད། དེ་ཡང་ཡིག་གཟུགས་ཡག་པོ་མ་འབྱོངས་ཚེ་རྩོམ་ཡིག་འབྲི་རྒྱུར་ཐད་ཀར་འགོག་རྐྱེན་འཕྲད་ངེས་ཡིན་ལ་བོད་ཡིག་སྦྱོང་འདོད་ཀྱི་བློ་ཁ་ཡང་དེ་ཙམ་འཕེལ་མི་ཐུབ་པས། གཤམ་དུ་ཁོ་བོས་འབྲི་ནུས་གསོ་སྐྱོང་བྱ་རྒྱུ་དེ་དོན་ཆུང་གཉིས་སུ་དབྱེ་ནས་གླེང་བར་བྱ།

        དང་པོ། ཡིག་གཟུགས་ཀྱི་སྐོར།

        རང་རེ་བོད་མི་རིགས་ཀྱི་སྐད་གདངས་དང་བསམ་བློའི་ནང་དོན་མཚོན་པར་བྱེད་པའི་རི་མོ་འདི་བྱུང་ནས་ད་བར་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཡོད་ཅིང་། ཡིག་གཟུགས་ཀྱི་རྣམ་པའི་ཐོག་ནས་བཤད་ན། ཤིན་ཏུ་ཕུན་སུམ་ཚོགས་པས་རང་རིགས་ཙམ་མ་ཟད། མིའི་རིགས་གཞན་གྱིས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་སྒྲོན་བཞིན་མཆིས། རང་རེས་རྒྱུན་དུ་བརྗོད་པའི་ཡིག་གཟུགས་ནི་བོད་ཡིག་གི་བརྡ་དོན་མཚོན་པར་བྱེད་པའི་བརྡ་རྟགས་ཡིག་གཟུགས་དེ་དག་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་བརྒྱུད་བོད་ཡིག་གི་ཡིག་གཟུགས་ལ་རྒྱུན་ཆད་མེད་པར་འཕོ་འགྱུར་དང་ལེགས་བཅོས་བྱུང་ཡོད་ལ་ད་ལྟའི་ཆར་གཏན་འཁེལ་བའི་འབྲི་སྟངས་ཀྱི་རྣམ་གཞག་ཅིག་ཀྱང་གྲུབ་ཡོད་ཅེས་བརྗོད་ཆོག་པ་ཡིན། འོན་ཀྱང་ད་ལྟའི་སློབ་འབྲིང་གི་བོད་ཡིག་སློབ་ཁྲིད་ཁྲོད་དགེ་རྒན་མང་པོ་ཞིག་གིས་སློབ་མའི་ཡིག་གཟུགས་ལ་སྦྱོང་བརྡར་སྤྲོས་རྒྱུ་དེ་སློབ་ཁྲིད་ཀྱི་ནང་དོན་ཕལ་པ་ཞིག་ཏུ་ངོས་འཛིན་ནས་དོ་སྣང་དེ་ཙམ་མི་བྱེད་པས་སློབ་མའི་ཁྲོད་དུ་ཡིག་གཟུགས་ཕྲ་སྦོམ་ཤོར་བ་དང་མགོ་ལུས་མི་འཚམས་པ། ཆེ་ཆུང་མི་སྙོམ་པ། ཚུགས་ཐུང་དང་འབྲུ་ཚ་དང་ཚུགས་མ་འཁྱུག་ཕན་ཚུན་མཉམ་བསྲེས་ཀྱིས་འབྲི་བའི་ར་མ་ལུག་གི་སྐྱོན། སློབ་མ་འགའ་རེས་བྲིས་པའི་ཡིག་གཟུགས་འབུ་གྲོག་མའི་སུག་རྗེས་ལྟར་རྩག་ཡིག་ཏུ་སྣང་བས་སུས་ཀྱང་ངོ་ཆོད་དཀའ་བའི་སྐྱོན་སོགས་ཡིག་གཟུགས་ལ་འབྱོངས་པོ་མེད་པས་ཟིན་བྲིས་འགོད་རྒྱུ་དང་། སྦྱོང་ཚན་འབྲི་རྒྱུ། རྩོམ་ཡིག་འབྲི་རྒྱུ་བཅས་ལ་འགོག་རྐྱེན་ཆེན་པོ་འཕྲད་བཞིན་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། དེ་ཡང་ཨ་ལག་ཤ་ངག་དབང་བསྟན་དར་གྱིས “རྩོམ་པ་ལེགས་ཀྱང་སུག་འབྲི་མི་འབྱོར་ན། དཔའ་རྩལ་ཆེ་བའི་དཔའ་པོ་ལག་རྡུམ་འདྲ ”ཞེས་གནད་ལ་འཕིགས་པའི་བསྟན་བཅོས་གསུངས་པ་ལྟར་ཡིག་གཟུགས་ལ་སྦྱོང་བརྡར་སྤྲོས་རྒྱུ་དེ་སྐད་ཡིག་སློབ་ཚན་ཁྲོད་དོར་ཐབས་མེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་བསྟན་ཡོད། འོ་ན་ང་ཚོས་ཇི་ལྟར་བྱས་ནས་སློབ་མའི་རྒྱུད་ལ་ཡིག་གཟུགས་སྦྱོང་རྒྱུའི་སྐུལ་སློང་ཞིག་ཆགས་ཐུབ་པ་བྱེད་དགོས་སམ་ཞེ་ན། མིག་དཔེའི་ནུས་པ་ནི་བླ་ན་མེད་པ་ཞིག་ཡིན་ཞེས་གསུངས་པ་ལྟར་དགེ་རྒན་རང་ཉིད་ནས་འགོ་བཙུགས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་ཡིག་གཟུགས་ལ་སྦྱངས་པ་བྱེད་དགོས་ལ། ལྷག་དོན་དུ་ང་ཚོས་རྒྱུན་དུ་སྤྱོད་པའི་ཡིག་གཟུགས་ཚུགས་ཡིག་དང་འཁྱུག་མ་ཚུགས་ཚད་ལྡན་ཞིག་རྒྱུད་ལ་འཇགས་རྒྱུར་མ་མཐར་ཡང་འབད་པ་བྱེད་དགོས་ངེས་ཤིག་ལགས། དེ་ལྟར་བྱུང་ན “ཆུ་རྐ་མགོར་ཡོད་ན་རྐ་མཇུག་ལ་ལོས་ཡོད ”ཅེས་པ་ལྟར་སློབ་མའི་རྒྱུད་ལ་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་ངེས་ཡིན། དེ་ལས་ལྡོག་སྟེ་སློབ་མའི་ཡིག་གཟུགས་ལ་དོ་སྣང་བྱེད་ཁུལ་གྱིས་སྦྱོང་ཚན་བཟོ་བཅོས་བྱེད་སྐབས་ཡིག་གཟུགས་ཡག་པོ་བྱུང་མི་འདུག་པས་ཡིག་གཟུགས་ལ་དོ་སྣང་བྱེད་དགོས་ཞེས་མཆན་བཀོད་མཛུབ་སྟོན་བྱས་རུང་། དོན་དུ་རང་ཉིད་ཀྱིས་བྲིས་པའི་ཕྱག་བྲིས་ཕྱག་བསྟར་མ་དེ་ཡང་ཡིག་གཟུགས་འབྲི་སྟངས་ཀྱི་རྣམ་བཞག་དང་མི་མཐུན་པ་གང་ཞིག་མིག་དཔེའི་ནུས་པ་དང་བྲལ་བས་སློབ་མར་ཡིག་གཟུགས་སྦྱོང་འདོད་ཀྱི་སྤྲོ་སྣང་འཕེལ་ཐབས་ག་ལ་ཡོད། དེར་བརྟེན་དགེ་རྒན་རང་ཉིད་ནས་སློབ་མའི་ཡིག་གཟུགས་ལ་བག་ཆགས་འཇོག་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ་བ་ཞིག་ཡིན། རྨང་གཞིའི་དེའི་ཐོག་འཆར་གཞི་ཡོད་པའི་སྒོ་ནས་སློབ་མའི་ཡིག་གཟུགས་ལ་ཤུགས་སྣོན་རྒྱག་དགོས། དེ་ཡང་དཔེ་མཚོན་འོས་པའི་ཚུགས་ཐུང་དང་། ཚུགས་མ་འཁྱུག་ཡིག་འགའ་འཛིན་གྲྭའི་གྱང་ལྡེབས་སུ་སྦྱར་ནས་སློབ་མར་བག་ཆགས་འཇོག་དགོས་པ་དང་། བོད་ཡིག་གི་ཚུགས་ཐུང་འབྲི་སྤྱད་དུ་འགྱུར་བའི་སྨྱུ་གུ་ཅུང་ཁ་སྦོམ་ཙམ་ཞིག་གིས་བོད་ཡིག་འབྲི་རུ་འཇུག་དགོས་པ་དང་། སྨྱུ་གུ་ཁ་སྦོམ་ཙམ་ནས་འབྲིང་ཙམ་དང་། འབྲིང་ཙམ་ནས་ཕྲ་ཙམ་གྱིས་ཡིག་གཟུགས་འབྲི་རུ་བཅུག་ནས་སྨྱུ་གུའི་ཕྲ་སྦོམ་གྱི་ཚད་ལྟར་ཡིག་གཟུགས་ཆེ་ཆུང་གི་ཚད་བཟུང་ཐུབ་རྒྱུར་སྦྱོང་བརྡར་ཚགས་ཚུད་པ་ཡོང་བ་བྱ་རྒྱུ། ཐ་ན་ཡི་གེ་ཀ་འབྲི་སྟངས་ནས་འགོ་བཙུགས་ཏེ་ཁྲིད་སྟོན་ཡང་དག་བྱེད་དགོས་པ་དང་འཛིན་གྲྭའི་ནང་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ། (ཞིབ་ཕྲའི་བྱ་ཐབས་ཐད་དུས་ཚོད་ཚད་བཀག་མེད་པའི་ཐོག་ནས་ཡིག་གཟུགས་སྤུས་གཙང་འབྲི་མཁན་ལ་བྱ་དགའ་སྤྲོད་རྒྱུ་དང་གཏན་འཁེལ་དུས་ཚོད་ནང་གཙང་ལ་སྤུས་དག་པ་མྱུར་པོ་འབྲི་ཐུབ་མཁན་ལ་བྱ་དགའ་སྤྲོད་པའི་བྱ་ཐབས་སྤེལ་དགོས )བཅས་ཡིག་གཟུགས་ལ་སྦྱོང་བརྡར་དེ་ལྟ་བུ་སྤྲས་ཚེ་སློབ་མ་རྣམས་ཀྱིས་རང་ཉིད་ཀྱི་ཡིག་གཟུགས་དེ་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བཞིན་མཆིས་པའི་སྣང་ཚུལ་དེ་མཐོང་ནས་དེ་བས་ཀྱང་འབྲི་འདོད་ཀྱི་བློ་ཁ་ཞིག་འཕེལ་ཐུབ་པ་ཡོང་ངེས་ཡིན། རྒྱུ་མཚན་ནི་ཡིག་གཟུགས་དེ་སྒྱུ་རྩལ་ཞིག་ཡིན་པས་དེས་མི་རྣམས་ལ་མཛེས་པ་དང་མི་མཛེས་པའི་ཚོར་སྣང་ཞིག་སྟེར་ཐུབ་པ་མ་ཟད་མཛེས་ལ་རེ་ས་སྙེགས་པ་བྱེད་པ་དེ་ནི་མི་ཀུན་ལ་ལྡན་པའི་སེམས་ཁམས་ཀྱི་ཁྱད་ཆོས་ཤིག་ཡིན་པས་ཡིག་གཟུགས་ཐད་ལ་ཡང་དེ་ལས་མ་འདས། མདོར་ན་སློབ་མའི་ཡིག་གཟུགས་ཡར་རྒྱས་གཏོང་ཐུབ་པ་བྱུང་ན་སློབ་མས་རང་འགུལ་ངང་བོད་ཡིག་འབྲི་རྒྱུར་དགའ་སྣང་ཞིག་འཕེལ་ཐུབ་པ་ཡོང་ངེས་ཡིན་པས་སློབ་འབྲིང་བོད་ཡིག་སློབ་ཁྲིད་སྐབས་སློབ་མའི་བོད་ཡིག་གི་ཡིག་གཟུགས་སྦྱོང་བརྡར་ལ་སྣང་ཆུང་སྤུ་ཙམ་ཡང་བྱེད་མི་རུང་།

        གཉིས་པ། རྩོམ་འབྲིའི་སྐོར།

        རྩོམ་འབྲིའི་སྦྱོང་བརྡར་ནང་ཚིག་སྦྱོར་སྤེལ་བའི་ནུས་པར་སྦྱོང་བརྡར་བྱེད་ཐུབ་པ་ཙམ་མ་ཟད་ད་དུང་བསམ་གཞིགས་ནུས་པར་ཡང་སྦྱོང་བརྡར་ནན་པོ་བྱེད་ཐུབ་ཀྱི་ཡོད། སློབ་མར་འཚོ་བར་ལྟ་ཞིབ་དང་ངོས་འཛིན་བྱེད་དུ་འཇུག་པ་དང་། རྩོམ་ཡིག་འབྲི་བའི་བསམ་བཀོད་འཆར་བ་བྱེད་པ། རྩོམ་ཡིག་དངོས་འབྲི་རུ་འཇུག་པ་བཅས་ནི་བསམ་གཞིགས་བྱེད་པའི་བརྒྱུད་རིམ་ཆ་ཚང་ཞིག་རེད་ལ་གསར་གཏོད་རང་བཞིན་ལྡན་པའི་བརྒྱུད་རིམ་ཞིག་ཀྱང་རེད། དེས་ན་རྩོམ་འབྲིའི་ཁྲོད་སློབ་མའི་ལྟ་ཞིབ་ནུས་པ་དང་། གསར་གཏོད་ནུས་པ། སྐད་ཡིག་མཚོན་སྟངས་ཀྱི་ནུས་པ་བཅས་གསོ་སྐྱོང་བྱེད་པའི་ལས་འགན་སྒྲུབ་དགོས་པ་ཞིག་ཡིན་པས་ཅུང་ཪྙོག་འཛིང་ཆེ་བའི་སྐད་ཡིག་གི་སྦྱོང་བརྡར་ཞིག་ཡིན། དེས་ན་ང་ཚོས་ལས་སླ་ས་ནས་དཀའ་བའི་བར་གྱི་བརྒྱུད་རིམ་ལ་བརྟེན་ནས་སློབ་མའི་རྩོམ་འབྲིའི་ནུས་པ་སྔོག་འདོན་བྱ་རྒྱུ་གལ་ཆེ་སྙམ།

        ⒈ བརྗོད་པ་བཟོ་རྒྱུར་སྦྱོང་བརྡར་མང་ཙམ་སྤྲོས་དགོས། དེ་ཡང་སློབ་མས་བོད་སྐད་ཡིག་གི་ཐ་སྙད་གང་མང་རྩོམ་ཡིག་གི་སྐད་ཆའི་ཁྲོད་བེད་སྤྱོད་མཐར་ཕྱིན་ཡོང་བ་བྱ་ཆེད་བརྗོད་པ་གང་མང་བཟོ་རུ་འཇུག་དགོས་ལ་ཞིབ་ཕྲའི་བྱ་ཐབས་ཐད་ཐ་སྙད་གཅིག་དམིགས་སུ་བཀར་ནས་སྐད་ཆའི་ཁོར་ཡུག་གཅིག་ནང་བེད་སྤྱོད་བྱ་རྒྱུ་དང་ཕན་ཚུན་འབྲེལ་བ་ཡོད་པའི་ཐ་སྙད་གཉིས་ནས་དྲུག་བར་སྐད་ཆའི་ཁོར་ཡུག་གཅིག་ནང་བེད་སྤྱོད་བྱེད་དུ་འཇུག་རྒྱུའི་སྦྱོང་བརྡར་སྤྲོས་རྒྱུ་དེ་ཡིན། དེ་ལྟར་བྱུང་ན་སློབ་མས་མིང་ཚིག་གང་མང་གསོག་འཇོག་དང་བེད་སྤྱོད་ཐུབ་རྒྱུར་ཕན་པ་ཆེ།

        ⒉ དཔེ་དེབ་བལྟ་ཀློག་བྱས་པའི་མྱོང་ཚོར་གང་མང་འབྲི་རུ་འཇུག་དགོས། དཔེ་དེབ་བརྒྱ་ཕྲག་མང་པོ་བལྟས་འགྱུར་ན། སྨྱུག་རྩེ་འགུལ་བར་ལྷ་ཡིས་ཁ་ལོ་བསྒྱུར་ཞེས་གསུངས་པ་ལྟར་སློབ་མས་དཔེ་དེབ་བལྟ་ཀློག་བྱས་པའི་བརྒྱུད་རིམ་ཁྲོད་གཞན་གྱིས་སྤྱད་པའི་ཚིག་སྦྱོར་སྙན་པོ་དང་རྩོམ་འབྲིའི་ཐབས་ཤེས། འཇིག་རྟེན་ལྟ་ཚུལ་བཅས་ལ་རྒྱུས་མངའ་ཐུབ་པ་མ་ཟད་རང་ཉིད་ཀྱི་གསར་རྩོམ་ལའང་བློ་སྒོ་འབྱེད་པའི་ནུས་པ་ཐོན་ངེས།

        ⒊ ཉིན་ཐོ་མང་ཙམ་འབྲི་རུ་འཇུག་དགོས།

        དེ་ཡང་ཉིན་ཐོ་བརྒྱུད་རང་གི་མཐོང་ཐོས་མྱོང་གསུམ་སྐབས་འཕྲལ་ཡིག་ཐོག་ཏུ་འགོད་ཐུབ་པ་ཞིག་ཡོང་བས་སློབ་མས་བྱ་དངོས་ལ་ལྟ་ཞིབ་བྱེད་པའི་ནུས་པ་མཐོ་རུ་གཏོང་ཐུབ་པ་དང་གསར་རྩོམ་གྱི་རྒྱུ་ཆ་གང་མང་གསོག་འཇོག་ཐུབ་རྒྱུར་ཕན་པ་ཡོད།

        སློབ་མའི་རྩོམ་ཡིག་ཁྲོད་ནས་དཔེ་མཚོན་འོས་པའི་རྩོམ་ཡིག་ལེགས་གྲས་འགའ་བདམས་ཏེ་དེ་དག་གི་དགེ་སྐྱོན་གླེང་ནས་སློབ་མ་ཡོངས་ལ་རྩོམ་འབྲིའི་ཐབས་ཤེས་མཚམས་སྦྱོར་བྱ་དགོས་པ་དང་། རྩོམ་འབྲིའི་སྐབས་ནོར་མང་བའི་དག་ནོར་དང་ཕྲད་ནོར་དག་ཟུར་དུ་བཏོན་ནས་དག་ནོར་བཅོས་སུ་འཇུག་པའམ་དཔོད་བྲིས་གཏོང་བ་སོགས་གང་རུང་གི་སྒོ་ནས་སློབ་མས་ནོར་འཁྲུལ་ཡོ་བསྲང་ཐུབ་རྒྱུའི་མཛུབ་སྟོན་བྱེད་དགོས།

        ⒋ སློབ་མར་ཐོག་མ་ཉིད་ནས་མི་སྣ་གཙོ་བོར་བརྗོད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་རྒྱུར་སྐུལ་མ་གཏོང་དགོས། ཡིད་ཀྱི་འགྱུར་བ་མཚོན་པའི་ལྷུག་རྩོམ་གང་རུང་ཞིག་བྲིས་དང་ཞེས་རྩོམ་སྟངས་ཐད་རེ་བ་འདོན་པ་དང་ནང་དོན་ཐད་ཚད་བཀག་བཟོས་ནས་སྦྱོང་བརྡར་སྤྲོད་ཐབས་དེས་སློབ་མའི་རྩོམ་འབྲིའི་ནུས་པ་ཡང་དག་པ་གསོ་སྐྱོང་བྱ་མི་ནུས་པས་སློབ་མས་རང་གི་བསམ་ཚུལ་དང་མཐོང་ཐོས་མྱོང་གསུམ་ལྷུག་པོར་བརྗོད་རྒྱུ་ནས་འགོ་བཙུགས་ཏེ་རྩོམ་འབྲིའི་ཐབས་ལམ་ཁག་ལ་གོམ་པ་རིམ་བགྲོད་ཐུབ་པ་བྱེད་དགོས།

        ⒌ གཞན་ཡང་སློབ་མའི་རྩོམ་ཡིག་ལ་དཔྱད་པ་བྱེད་སྐབས་གཡག་ཞར་བས་རྩྭ་བཟའ་བ་ལྟར་ཕྱོགས་གཅིག་མཐོང་བ་ལས་ཕྱོགས་གཞན་མ་མཐོང་བ་དེ་བས་བྱ་རྒྱུ་མེད། ང་ཚོས་སློབ་མའི་རྩོམ་འབྲིའི་སྦྱོང་བརྡར་གྱི་ཁྲོད་དུ་བལྟ་ཀློག་དང་ལྟ་ཞིབ་ཀྱི་ནུས་པར་ཁྲིད་སྟོན་བྱེད་དགོས་ལ་ཡིག་གཟུགས་ལ་དཔྱད་པ་བྱེད་དགོས་པ་མ་ཟད་སུམ་རྟགས་དག་གསུམ་ཚད་ལྡན་ངང་བེད་སྤྱོད་ཡོང་རྒྱུར་ཡང་ཁྲིད་སྟོན་བྱེད་དགོས་པ་དང་བསམ་གཞིགས་བྱེད་པའི་ནུས་པ་སྐྱེད་སྲིང་གི་ལས་འགན་དེ་བས་བསྒྲུབས་དགོས།

        མདོར་ན། སློབ་མའི་འབྲི་ཀློག་འཆད་ཉན་བཞིའི་ནུས་པ་གོང་མཐོར་གཏོང་རྒྱུ་དེ་སྐད་ཡིག་སློབ་ཁྲིད་ཁྲོད་དོར་ཐབས་མེད་པའི་ལས་འགན་ཞིག་ཡིན་གཤིས། ཡིག་གཟུགས་འབྱོངས་པོ་ཡོང་བ་བྱ་རྒྱུ་དེ་འབྲི་ནུས་ཀྱི་ཁོངས་སུ་གཏོགས་པ་ཞིག་དང་དེས་སྐད་ཡིག་གི་ཤེས་བྱ་ཁྱོན་ཡོངས་ནས་གོང་འཕེལ་གཏོང་རྒྱུར་ནུས་པ་བླ་ན་མེད་པ་ཐོན་དང་ཐོན་མུས་ཡིན་པ་མིག་མཐོང་ལག་ཟིན་ཡིན། ལྷག་དོན་དུ་རྩོམ་ཡིག་འབྲི་བར་ཡིག་གཟུགས་ཀྱིས་གཞོགས་འདེགས་བྱེད་དགོས་པ་བསྙོན་དུ་མེད། དེས་ན་ཁོ་བོས་སྐད་ཡིག་སློབ་ཁྲིད་ཀྱི་འབྲི་ཀློག་འཆད་ཉན་བཞི་ལས་འབྲི་ནུས་ཐད་ཡིག་གཟུགས་དང་རྩོམ་འབྲི་གཉིས་སུ་དབྱེ་ནས་སྦྱོང་བརྡར་སྤྲོས་དགོས་པར་སྙམ།

        ( ལྷོ་ཁ་གོང་དཀར་སློབ་འབྲིང་གི་དགེ་རྒན་ཕུན་ཚོགས་དོན་གྲུབ་ཀྱིས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།