དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-08

        དུས་རབས་ཉེར་གཅིག་པ་ནི་འགྱུར་བ་མྱུར་བའི་བརྡ་འཕྲིན་གྱི་སྤྱི་ཚོགས་སུ་སླེབས་ཡོད་པས་ལག་རྩལ་གསར་པའི་གསར་བརྗེས་མིའི་རིགས་ཀྱི་སློབ་གསོའི་བྱ་གཞག་ལའང་རེ་བ་གསར་པ་བཏོན་ཡོད། དེས་ན་ཚད་ཡོད་ཀྱི་དུས་ཡུན་ནང་ཇི་ལྟར་བྱས་ནས་སློབ་མའི་ཤེས་ཚད་མཐོ་རུ་གཏོང་རྒྱུ་དེ་ནི་ང་ཚོ་སློབ་གསོའི་ལས་དོན་པའི་ཕྲག་སྟེང་དུ་འབབ་པའི་ལས་འགན་ལྗིད་པོ་ཞིག་རེད།

        རང་ལྗོངས་ཀྱིས་ཚན་རིག་སློབ་གསོར་བརྟེན་ནས་བོད་དར་རྒྱས་གཏོང་བའི་འགག་རྩ་ནི་བྱང་ཚད་སློབ་གསོ་དར་སྤེལ་གཏོང་རྒྱུ་དང་བསླབ་གཞི་གསར་པའི་སློབ་ཁྲིད་བྱ་ཐབས་ལག་བསྟར་བྱ་རྒྱུར་ཐུག་ཡོད་པར་བརྟེན་རང་ཉིད་ཀྱིས་དགོངས་དོན་དེར་དམིགས་ཏེ་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་རྒྱུའི་སྐོར་ལ་ལྟ་སྟངས་ཁ་ཤས་གླེང་རྒྱུ་ནི།

        དགེ་རྒན་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་དགོས།

        “བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད ”ཞེས་པའི་དཔེ་ལྟར་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཅིག་མེད་ན་ཕུལ་དུ་བྱུང་བའི་སློབ་མའི་དཔུང་ཁག་ཅིག་ཡོང་མི་སྲིད་སྟབས་དགེ་རྒན་གྱི་གནས་བབ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན། དེར་བརྟེན་དང་ཐོག་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་གསོ་སྐྱོང་བྱ་དགོས་པས་དགེ་རྒན་གྱིས་རང་ངོས་ཀྱི་ནུས་པ་མཐོ་རུ་གཏོང་རྒྱུར་འབད་པ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན། དེ་ཡང་ཐོག་མར་སློབ་སྦྱོང་ལ་སྣང་ཆེན་དང་། ཆབ་སྲིད་ལ་སྣང་ཆེན། སྤྱོད་བཟང་ལ་སྣང་ཆེན་བཅས་སྣང་ཆེན་གསུམ་ལ་དོ་སྣང་བྱ་རྒྱུ་དང་རང་ཉིད་ཀྱི་ཆེད་ལས་ལ་སྦྱངས་བརྩོན་དང་ཚན་རིག་དང་མཐུན་པའི་སྒོ་ནས་བསླབ་གཞི་གསར་པའི་ནང་དོན་ལ་ཞིབ་འཇུག་བྱས་ཏེ་དེང་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་བགྲོད་དང་མཐུན་པའི་ཤེས་བྱ་དང་འཇོན་ཐང་ཁོང་དུ་ཆུད་ཐུབ་པ་བྱེད་དགོས་པ་མ་ཟད། དགེ་རྒན་རང་ངོས་ཀྱི་བྱ་སྤྱོད་གཏམ་གསུམ་ཚང་མར་དོ་སྣང་ཆེན་པོ་བྱས་ཏེ་སློབ་མའི་ཁྲོད་དུ་མིག་དཔེའི་ནུས་པ་ཐོན་པ་བྱེད་དགོས་པ་དང་སྦྲགས་བཤེས་གཉེན་བཟང་པོའི་གཟུགས་བཪྙན་ལེགས་པོ་ཞིག་བསྐྲུན་ནས་སློབ་མའི་བྱ་སྤྱོད་ལ་མཛུབ་ཁྲིད་ཀྱི་ནུས་པ་ཐོན་པ་བྱེད་དགོས། དེ་ལྟར་བྱས་ན་རང་ཉིད་ཀྱི་ཁྲིད་བྱའི་སློབ་ཚན་ལེགས་པོ་ཁྲིད་ཐུབ་རྒྱུར་ཡང་འགན་ལེན་གྱི་ནུས་པ་ཐོན་ཐུབ།

        ཚན་རིག་དང་མཐུན་པའི་སློབ་ཁྲིད་བྱ་ཐབས་སྤྱོད་དགོས།

        དེང་རབས་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་བོད་སྐད་ཡིག་གི་སློབ་ཁྲིད་བྱ་ཐབས་ཐད་དུས་རབས་ཀྱི་དགོས་མཁོ་དང་མི་འཚམ་པའི་སློབ་ཁྲིད་ནང་དོན་ལ་སྒྱུར་བཅོས་བྱས་ནས་སློབ་ཁྲིད་སྤུས་ཀ་དག་ཏུ་གཏོང་དགོས། དེ་ཡང་བོད་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མུ་མཐུད་དར་སྤེལ་གཏོང་བ་དང་དུས་མཚུངས་འཛམ་གླིང་ཐོག་གི་སྔོན་ཐོན་ཤེས་རིག་གི་གྲུབ་འབྲས་ལ་སློབ་སྦྱོང་ཧུར་ཐག་བྱ་རྒྱུ་དང་། འགྲོ་བ་མིའི་རིགས་སྤྱི་ལ་དབང་བའི་རིག་གནས་ཀྱི་སྙིང་བཅུད་བསྡུ་ལེན་བཅས་བྱས་ནས་སློབ་གསོར་སྒྱུར་བཅོས་དང་འཕེལ་རྒྱས་སྒོ་ཀུན་ནས་ལག་བསྟར་བྱ་ཆེད་བསླབ་གཞི་གསར་པའི་མཛད་ཕྱོགས་ལག་ལེན་གཏིང་ཟབ་བསྟར་དགོས་པ་དང་སྦྲགས་བོད་སྐད་ཡིག་གི་ཚན་རིག་གི་རང་བཞིན་དང་སྔོན་ཐོན་གྱི་རང་བཞིན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱ་དགོས།

        ལྷག་དོན་དུ་སློབ་ཚན་འཆད་ཁྲིད་བྱ་སྐབས་སློབ་མའི་ལོ་ཚད་དང་རྨང་གཞི། རིག་སྟོབས་བཅས་ལ་གཞིགས་ནས་ཁྲིད་བྱའི་ནང་དོན་ཁ་གསལ་ལ་གོ་བདེ་བའི་ངང་ཁྲིད་དགོས་ལ། ཤེས་ཚད་ཇི་ལྟར་བྱུང་ཡོད་མེད་ཞར་དང་ཞོར་ལ་ཤེས་རྟོགས་བྱས་ནས་གང་ལ་དེ་འཚམས་ཀྱི་སློབ་ཁྲིད་བྱ་ཐབས་སྤྱོད་དགོས་པ་ལས་ཨ་མ་ལྐུགས་མས་བུ་ཕྲུག་གསོ་བ་ལྟར་བྱ་རྒྱུ་མེད་ལ། དེ་བས་ཀྱང་སྔར་གྱི་ཐབས་ཤེས་ཪྙིང་པ་དང་བསམ་བློ་ཪྙིང་པ་བཀོལ་ནས་སློབ་གསོ་གཉེར་ན་དེ་བས་མི་འགྲིག ཕྱོགས་རེ་བའི་སྒོ་ནས་སློབ་རིམ་འཕར་རྒྱུར་དོན་གཉེར་བྱེད་པ་དང་དེབ་ཐོག་གི་ཤེས་བྱ་སྦྱངས་་རྒྱུར་མཐོང་ཆེན་བྱེད་པ་ལས་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུར་མཐོང་ཆུང་བྱེད་པའི་སྣང་ཚུལ་ཡང་མི་འགྲིག་པས་དེས་ན་སློབ་མའི་ཤེས་འདོད་ཀྱི་བློ་དང་། སྦྱོང་འདོད་ཀྱི་བསམ་པར་གཙིགས་ཆེན་བྱེད་པ་དང་སློབ་མའི་རང་ཚུགས་ཀྱི་བསམ་བློ་གཏོང་བའི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པ། ཚན་རིག་ལ་བརྩི་མཐོང་བྱེད་པའི་འདུ་ཤེས་ཀྱང་གསོ་སྐྱོང་བྱ་དགོས།

        ཆ་འཕྲིན་ཡོ་བྱད་ལ་བརྟེན་ནས་སློབ་མའི་རིག་སྟོབས་འཕེལ་ཐབས་བྱ་དགོས།

        ཁྲོམ་རའི་དཔལ་འབྱོར་གྱིས་བླང་བྱ་བཏོན་པ་ལྟར་ན། “རྒྱལ་ཁབ་གཅིག་གམ་མི་རིགས་གང་རུང་ཞིག་གོང་འཕེལ་འགྲོ་རྒྱུ་ནི་ས་ཁུལ་དེ་གའི་གཏེར་ཁ་དང་ཐོན་ཁུངས་ལ་རགས་ལས་པ་མ་ཡིན་ལ་དེར་ཡོད་པའི་མ་རྩ་ལའང་རགས་ལས་མེད་པར་དེ་ནི་ཚན་རིག་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཆ་འཕྲིན་དང་ཤེས་བྱར་རགས་ལས་པ་ཡིན ” དེས་ན་ཆ་འཕྲིན་ཡོ་བྱད་ལ་བརྟེན་ནས་སྐད་ཡིག་སྤྱི་དང་བོད་སྐད་ཡིག་ཁྱབ་སྤེལ་དང་འཕེལ་རྒྱས་གཏོང་ཐུབ་ན་བོད་མི་རིགས་ཡོངས་ཀྱི་ཕ་སྐད་དེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཐུབ་རྒྱུར་ཕན་འབྲས་ཤིན་ཏུ་ཆེ་བས་ད་ལྟ་ནས་སློབ་འབྲིང་སློབ་མར་ཆ་འཕྲིན་ལ་བརྟེན་ནས་བོད་སྐད་ཡིག་གི་ནང་དོན་ཁག་ཁོང་དུ་ཆུད་ཐབས་བྱ་དགོས།

        མདོར་ན། ང་ཚོའི་འོས་འགན་ནི་ཕུགས་བསམ་ལྡན་པ་དང་། ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པས་དུས་རབས་གསར་པར་ཁ་ཕྱོགས་ནས་སློབ་གསོར་སྒྱུར་བཅོས་བྱེད་པ་དང་། སྒོ་ཀུན་ནས་དགེ་རྒན་གྱི་བྱང་ཚད་དང་ཕྱོགས་ཡོངས་ཀྱི་ཤེས་ཚད་མཐོ་རུ་གཏོང་བ། དེ་བཞིན་རྒྱལ་ཡོངས་དང་འཛམ་གླིང་ལ་ཁ་ཕྱོགས་པའི་མིག་རྒྱང་རིང་པོ་བལྟས་ནས་སློབ་ཁྲིད་སྤུས་ཚད་གོང་ནས་གོང་མཐོར་བཅས་གཏོང་དགོས།

        (ལྷོ་ཁ་ཤར་འོད་སློབ་འབྲིང་གི་སྐལ་བཟང་གིས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།