དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གཅིག་འཛུགས་སྐྱོང་བྱ་དགོས་པའི་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-08

        དེ་ཡང་མི་རིགས་གང་འདྲ་ཞིག་ཡིན་ཀྱང་སྔོན་ཐོན་དང་ཡར་རྒྱས་ཡོང་མིན་དེ་མི་རིགས་ཀྱི་སློབ་གསོར་ཐུག་ཡོད་ལ་སློབ་གསོའི་སྤུས་ཚད་ལེགས་ཉེས་ནི་དགེ་རྒན་ལ་རགས་ལུས་ཡོད། དེས་ན་དགེ་རྒན་གྱི་རིག་གནས་ཆུ་ཚད་དང་། མཐོང་རྒྱ། དེ་བཞིན་བྱང་ཚད་སོགས་མཐོ་རུ་གཏོང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བའི་ལས་དོན་ཞིག་རེད། འོ་ན་ཇི་ལྟར་བྱས་ན་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་གཅིག་འཛུགས་སྐྱོང་་བྱེད་ཐུབ་བམ་ཞེ་ན། དགེ་རྒན་གྱི་ལུས་ངག་ཡིད་གསུམ་གྱི་བྱང་ཚད་མཐོར་གཏོང་གིས་མཐར་གཏུག་སློབ་ཁྲིད་བྱེད་སྟངས་ལ་ཤུགས་སྣོན་རྒྱག་དགོས་ཏེ་རྒྱས་པར་གླེང་ན།

        དང་པོ། ལུས་ངག་ཡིད་གསུམ་གྱི་སྤྱོད་ཚུལ་ལེགས་པོ་ཞིག་དགོས།

        ལུས་ཀྱི་སྤྱོད་ཚུལ་ལེགས་པོ་ཞིག་དགོས། དེའང་སློབ་ཕྲུག་གི་ངོས་ནས་བརྗོད་ན་དགེ་རྒན་གྱི་ལུས་ཀྱི་སྤྱོད་ཚུལ་ནི་མིག་ལ་མཐོང་རྒྱུ་ཡོད་པའི་ཐད་མཐོང་གི་དཔེ་སྟོན་གསོན་པོ་ཞིག་ཡིན་རྐྱེན་དགེ་རྒན་ལ་དང་སྣང་དང་བརྩི་བཀུར་ཡང་དེ་ནས་ཐོབ་བཞིན་ཡོད་པར་བརྟེན་དགེ་རྒན་གྱིས་སློབ་ཚན་ཁྲིད་བྱེད་སྐབས་ལུས་གྱང་དུ་བསྙེད་པ་དང་། མགོ་བོ་དུད་པ། རྐྱོང་ཤད་བྱེད་པ། དོན་མེད་ཅ་ཅོ་སྨྲ་བ་སོགས་ཀྱི་སྐྱོན་ཆ་དག་སྤངས་དགོས་པ་དང་གཅིག གྱོན་ཆས་ཡ་མ་ཟུང་དང་། ངོ་གདོང་ལ་དཀར་དམར་བྱུག་པ། གོས་ནག་ནོག་གིས་སྦགས་པ། རྒྱས་སྤྲོས་བྱེད་པ་དང་གཟབ་མཆོར་སྤྲས་པ་སོགས་སྤངས་ནས་གཙང་ཞིང་གྲལ་སྒྲིག་པོ་ཞིག་དགོས་པ་དང་གཉིས། ཐུན་མོང་གི་ངལ་རྩོལ་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་དཔོན་ཉམས་རིང་ལུགས་དོར་ནས་རང་ཉིད་ངོ་མ་ངལ་རྩོལ་ནང་ཧུར་ཐག་ཞུགས་ཏེ་སློབ་མའི་ཡིད་ཆེས་ཐོབ་པ་བྱེད་རྒྱུ་དང་གསུམ་བཅས་སོ།

        ངག་གི་སྦྱོར་ཚུལ་ཡང་དག་པ་ཞིག་དགོས། དགེ་རྒན་གྱི་ངག་གི་སྦྱོར་བ་ནི་སློབ་མ་རྣམས་དང་ཕན་ཚུན་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུ་ཞིག་ཡིན་ལ་དགེ་རྒན་གྱི་ཤེས་ཡོན་དང་། བསམ་བློ། བརྩེ་བ་སོགས་སློབ་མར་བརྒྱུད་སྤེལ་བྱེད་པའི་ཐབས་ལམ་ལེགས་ཤོས་ཤིག་ཀྱང་ཡིན། དེས་ན་སློབ་མ་སྤྱོད་ཡོན་གཉིས་ལྡན་དུ་འགྱུར་ཐུབ་མིན་ཀྱང་དགེ་རྒན་གྱི་ངག་གི་སྦྱོར་བ་དང་འབྲེལ་བ་དམ་ཟབ་ཡོད་གཤིས་དེའི་ཐད་དོ་སྣང་ཆེན་པོ་བྱ་དགོས། དེ་ཡང་དུས་རྟག་ཏུ་སློབ་ཚན་མ་ཁྲིད་གོང་དུ་དགེ་རྒན་གྱིས་སློབ་ཁྲིད་ཀྱི་སྟ་གོན་ལེགས་པར་བྱེད་པ་ལས་འོལ་ཚོད་དང་འགན་སེམས་མེད་པའི་ཚོད་དཔག་བྱ་རྒྱུ་མེད་པ་དང་གཅིག རྒྱུན་དུ་སློབ་ཁྲིད་བྱེད་སྐབས་འབྲེལ་མེད་ཀྱི་བཙོག་གཏམ་སྤངས་ཏེ་ཡ་རབས་ཀྱི་གཟུགས་བཪྙན་ཞིག་བསྐྲུན་དགོས་པ་དང་གཉིས། སློབ་ཚན་ཁྲིད་དུས་ཚིག་གི་ལོ་མས་མ་བསྒྲིབས་པར་དོན་སྙིང་ཁ་གསལ་ཞིང་སྐད་གདངས་མཐོ་དམན་འཚམ་པོའི་སྒོ་ནས་སློབ་མ་རྣམས་ལ་ཉན་སྤྲོ་བ་ཞིག་ཡོང་དགོས་པ་དང་གསུམ། དཀའ་གནད་གང་འཕྲད་ཀྱང་དངོས་ཐོག་བདེན་འཚོལ་གྱི་ལུང་རིག་གིས་ཁུངས་བསྐྱལ་ནས་དཀྲོལ་བ་ལས་རྫུན་བཟོ་དང་སྒྲོ་བཏགས་པའི་རིགས་རྩ་བ་ནས་བྱེད་མི་རུང་བ་དང་བཞི་བཅས་ཡིན།

        ཡིད་ཀྱི་སྤྱོད་ཚུལ་གཙང་མ་ཞིག་དགོས། དགེ་རྒན་གྱི་ཡིད་ཀྱི་སྤྱོད་ཚུལ་ནི་ལུས་ངག་སྤྱོད་ཚུལ་གྱི་འབྱུང་རྩ་ལྟ་བུ་ཡིན། དེར་བརྟེན་ལུས་ངག་གི་སྤྱོད་ཚུལ་ལེགས་པོ་ཞིག་དགོས་ན་དེའི་རྒྱུར་གྱུར་པའི་ཡིད་ཀྱི་སྤྱོད་ཚུལ་གཙང་ཞིང་དྲི་མས་མ་སྦགས་པ་ཞིག་དགོས་པ་སྟེ་དགེ་རྒན་གྱིས་ལྷག་བསམ་ཁ་བ་ལྟར་དཀར་ཞིང་ཉེ་རིང་ངམ་ཡག་ཉེས་ཀྱི་ཕྱོགས་ལྷུང་མེད་པ་བྱེད་དགོས་ལ་མེས་རྒྱལ་ལ་དགའ་ཞེན་དང་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་གི་ཀུན་སློང་བཟང་པོ་ལྡན་དགོས་པ་དང་། བུམ་པ་གང་བྱོའི་ཚུལ་གྱི་སློབ་ཁྲིད་བྱེད་དགོས།

        མདོར་བསྡུས་ན་དགེ་རྒན་ནི་སློབ་ཕྲུག་གི་མིག་དཔེ་བལྟ་ས་ཞིག་ཡིན་པས་གང་དེའི་སྒོ་གསུམ་གྱི་སྤྱོད་ཚུལ་གྱིས་སློབ་མའི་མི་ཚེ་གང་པོར་བག་ཆགས་གཏིང་ཟབ་འཇོག་བཞིན་ཡོད་པས་དེས་ན་དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་ཚུལ་གཙང་ཞིང་རྣམ་དག་ཅིག་ཡོང་རྒྱུར་འབད་དགོས།

        གཉིས་པ། དགེ་རྒན་གྱི་ཡོན་ཚད་གོང་མཐོར་གཏོང་དགོས།

        དེའང་དང་ཐོག་དགེ་རྒན་ཞེས་པའི་མཚན་དོན་ལ་སྒྲ་བཤད་ཙམ་བྱས་ན། “དགེ ”ཞེས་པ་ནི་སྤང་བླང་གི་བྱ་བར་མི་རྨོངས་པར་ཕུལ་བྱུང་གི་སྤྱོད་པ་ལྡན་ཞིང་། སྐྱེ་བོ་གཞན་དགེ་བའི་ལམ་དུ་འཁྲིད་མཁན་ཞིག་དང་། “རྒན ”ཞེས་པ་ནི་ཤེས་བྱ་ཡོན་ཏན་ཐམས་ཅད་གཞན་ལས་མཐོ་བའམ་ཡང་ན་ཡོན་ཏན་གྱིས་ཕྱུག་པ་ཞིག་ལ་གོ་བར་སྣང་། དེར་བརྟེན་དགེ་རྒན་རང་ངོས་ཀྱི་ཡོན་ཚད་གོང་མཐོར་གཏོང་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན་པས་མིང་དོན་མཚུངས་པའི་དགེ་བའི་བཤེས་གཉེན་ཞིག་བྱ་རྒྱུའི་འབད་འཐབ་བྱ་དགོས། དེའང་སློབ་མའི་མིག་དཔེར་འོས་པའི་ཀུན་སྤྱོད་ལེགས་པོ་ཞིག་དང་། གཞན་ལ་ཤེས་བྱའི་བདུད་རྩི་གང་འདོད་དུ་སྦྱིན་ཐུབ་པའི་ཤེས་ཚད་དང་ལྡན་པ། སྤང་བླང་གི་བྱ་བར་སློབ་སྟོན་ནུས་པའི་ཡོན་ཏན་དང་ལྡན་པ་ཞིག་བཅས་ཆགས་པ་བྱས་ཏེ་སྐྱེ་བོ་གཞན་རྣམས་ལེགས་ལམ་དུ་འགོད་མཁན་གྱི་མཛུབ་ཁྲིད་པ་ཞིག་ཏུ་འགྱུར་བ་བྱ་དགོས། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་སློབ་གསོའི་བླང་བྱ་ཇེ་མཐོར་འགྲོ་བའི་དུས་རབས་དེར་དགེ་རྒན་གྱི་བྱང་ཚད་ཀྱང་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་ཐབས་བྱ་དགོས་པས་དུས་དང་རྣམ་པ་ཀུན་ཏུ་རྨང་གཞིའི་ཤེས་བྱ་སྲ་བརྟན་དུ་གཏོང་བའི་ཐོག་ཚན་རིག་སོགས་ཀྱི་ཤེས་བྱ་གསར་པར་སློབ་སྦྱོང་བྱ་དགོས་ལ་དེང་རབས་ཀྱི་སློབ་གསོའི་ཁ་ཕྱོགས་དང་འཚམ་པའི་སློབ་ཁྲིད་བྱ་ཐབས་གསར་གཏོད་དང་ཞིབ་འཇུག་གིས་སློབ་ཁྲིད་སྤུས་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས། དེའི་ཐད་ས་པཎ་གྱིས “རིག་པ་ནངས་པར་འཆི་ཡང་སློབ ”ཅེས་གསུངས་པ་ལྟར་ད་ལྟའི་གནས་བབ་ལ་འདོད་བློ་ཚིམ་ནས་མ་བསྡད་པར་དུས་བསྟུན་ཡར་བརྩོན་གྱི་སྒོ་ནས་རང་ཉིད་ཀྱི་ཆེད་ལས་ཀྱིས་གཙོས་པའི་ཤེས་བྱ་གསར་པར་སྦྱངས་བརྩོན་ཧུར་ཐག་བྱ་དགོས། འདི་ནི་དེང་གི་སློབ་གསོའི་དགོས་མཁོ་རེད་ལ་དུས་རབས་ཀྱིས་བསྩལ་བའི་འགན་འཁྲི་ཞིག་ཀྱང་ལགས།

        གསུམ་པ། སློབ་ཁྲིད་བྱེད་སྟངས་ལ་འགྱུར་བ་གཏོང་དགོས།

        དེ་ཡང་སྲོལ་རྒྱུན་དུ་དགེ་རྒན་ཀྱིས་འཆད་རྐྱང་དང་སློབ་མ་རྣམས་ཀྱིས་ཉན་རྐྱང་བྱེད་པའི་སྲོལ་ཞིག་གྲུབ་ཡོད། དེས་སློབ་མའི་བསམ་བློ་གཏོང་བའི་ནུས་པ་དང་། ལག་པ་འགུལ་བའི་ནུས་པ་སོགས་སྐྱེད་སྲིང་བྱེད་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་པ་རེད། དེས་ན་ང་ཚོས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་དེར་དུས་དང་འཚམ་པའི་སྒྱུར་བཅོས་བྱས་ཏེ་སློབ་ཁྲིད་ཀྱི་བརྒྱུད་རིམ་དངོས་ནང་ལག་པ་འགུལ་རྒྱུ་ཡོད་ལ་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཡོང་བ་བྱ་དགོས། དེ་ལྟར་ཡོང་བར་ང་ཚོས་སློབ་ཚན་གཅིག་གི་དུས་ཚོད་དེ་བཀོད་སྒྲིག་འཚམ་པོ་ཞིག་བྱ་དགོས་ཏེ་སྔོན་གྱི་སྐར་མ་བཅུའི་ནང་ཁྲིད་ཟིན་པའི་ཤེས་བྱ་སྲ་བརྟན་དུ་གཏོང་དགོས་པ་དང་། བར་གྱི་སྐར་མ་ཉི་ཤུ་ཐམ་པའི་ནང་དུ་སློབ་ཚན་དངོས་ཁྲིད་རྒྱུ། མཇུག་གི་སྐར་མ་བཅོ་ལྔའི་ནང་དུ་སློབ་མའི་ལག་པ་དང་ཀླད་པ་གཉིས་ཀ་འགུལ་ཏུ་འཇུག་དགོས། དེ་ཡང་མདའ་རྒྱག་དུས་འབེན་ལ་བལྟ་དགོས་པའི་དཔེ་བཞིན་གཙོ་བོ་སློབ་མའི་ཤེས་ཚད་མཐོ་དམའ་དང་དང་ལེན་གྱི་ནུས་པ་ཆེ་ཆུང་སོགས་ལ་གཞིགས་ཏེ་སློབ་ཁྲིད་བྱ་དགོས།

        མདོར་ན། ཁ་བཤད་དོན་གྱི་སྙིང་དོན་ནི་དགེ་རྒན་རྣམ་པས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ་སྐྱེ་བོ་ཀུན་གྱིས་ཡིད་ཆེས་བྱེད་ས་དང་། རེ་བ་བཅོལ་ས། གུས་བཀུར་ཞུ་ས་བཅས་ཀྱི་དགེ་རྒན་གྱི་དཔུང་ཁག་གཅིག་འཛུགས་སྐྱོང་ཐུབ་པ་བྱ་དགོས།

        (སྙེ་མོ་རྫོང་ལྟེ་བའི་སློབ་ཆུང་གི་དགེ་རྒན་འཛོམས་པ་དང་། སྙེ་མོ་ཤང་ཆ་ཚང་སློབ་ཆུང་གི་དགེ་རྒན་ཆུང་བདག་དང་བུ་ཆུང་བཅས་ཀྱིས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།