སློབ་ཆུང་སློབ་མར་རྩོམ་ཡིག་སློབ་ཁྲིད་བྱེད་ཐབས་ཀྱི་མྱོང་ཚོར་ཅུང་ཟད་གླེང་བ།
རྩོམ་ཡིག་ནི་ནང་སེམས་ཀྱི་འཇིག་རྟེན་མཚོན་པར་བྱེད་པ་ཞིག་ཡིན་ཞིང་། དེས་སློབ་མའི་སྐད་ཡིག་ཤེས་བྱའི་རྨང་གཞི་དང་། བྱ་དངོས་ལ་ལྟ་ཞིབ་བྱེད་པའི་ནུས་པ། གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་ནུས་པ། ཡང་དག་པའི་མི་ཚེའི་རྣམ་འགྱུར་དང་རིན་ཐང་གི་ལྟ་བ་སོགས་ཚད་གཞི་ཇི་འདྲ་ཞིག་ཏུ་སླེབས་པ་མཚོན་ཐུབ་པས་ན། རྩོམ་ཡིག་སློབ་ཁྲིད་ཀྱིས་སྐད་ཡིག་སློབ་ཚན་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད་པར་གཞིགས་ནས་རང་ཉིད་ཀྱིས་སློབ་ཕྲུག་ཚོར་རྩོམ་ཡིག་སློབ་ཁྲིད་བྱས་པའི་མྱོང་ཚོར་ཕྲན་བུ་དཔྱད་གཞིའི་ཚུལ་དུ་གླེང་རྒྱུ་ཡིན།
དང་པོ། སློབ་ཕྲུག་ཚོར་རྩོམ་ཡིག་འབྲི་འདོད་ཀྱི་སྤྲོ་སྣང་འཕེལ་ཐབས་བྱེད་པ།
མིག་སྔར་སློབ་ཆུང་གི་སློབ་ཕྲུག་ཚོའི་ངོས་ནས་བཤད་ན། ཁོང་ཚོའི་རྣ་བར་རྩོམ་ཡིག་ཅེས་པའི་ཐ་སྙད་དེ་ཐོས་མ་ཐག་སེམས་སུ་རྡོག་ཁྲེས་ཆེན་པོ་ཞིག་ཆགས་ནས་རྩོམ་ཡིག་འབྲི་སྦྱོང་བྱེད་པའི་བློ་དེ་རིམ་བཞིན་མེད་པར་འགྱུར་འགྲོ་གི་ཡོད། དེར་བརྟེན་ང་ཚོས་སློབ་ཕྲུག་ཚོར་རྩོམ་ཡིག་ཅེས་པ་ནི་རང་གིས་བརྗོད་འདོད་པའི་སྐད་ཆ་དེ་དག་ཡིག་ཐོག་ཏུ་བཀོད་པ་ཞིག་རེད་ཅེས་སྟབས་བདེ་བ་དང་། ལས་སླ་བའི་སྣང་བ་ཞིག་སྦྱིན་ཏེ་སློབ་ཕྲུག་ཚོའི་སེམས་ནང་གི་རྡོག་ཁྲེས་ལྕི་པོ་དེ་མེད་པར་བཟོ་དགོས་པ་མ་ཟད། དགེ་རྒན་གྱིས་སློབ་ཕྲུག་གི་ལོ་ནའི་ཁྱད་ཆོས་དང་འཚམས་པའི་རྩོམ་ཡིག་གང་མང་སློབ་ཕྲུག་གི་ཁྲོད་ཉམས་འགྱུར་ལྡན་པའི་སྒོ་ནས་གྱེར་འདོན་བྱས་ཏེ་སློབ་ཕྲུག་ཚོའི་ཡིད་དབང་འཕྲོག་ཏུ་འཇུག་དགོས་པ་དང་། དེ་བཞིན་སློབ་ཕྲུག་རང་ཉིད་ལ་རྩོམ་ཡིག་དེ་འདྲ་ལྟ་ཀློག་གང་མང་བྱེད་དུ་བཅུག་ནས་རྩོམ་ཡིག་ནང་གི་མི་སྣའི་བསམ་པའི་ཁྱེར་སོ་དང་། གཤིས་ཀ ཡུལ་ལྗོངས་ཀྱི་བཀོད་པ། མི་སྣའི་གཏམ་གླེང་བྱེད་སྟངས་སོགས་ཇི་ལྟར་བཀོད་འབྲི་བྱས་ཡོད་པར་མྱོང་རོལ་དང་མཚར་སྣང་སྐྱེ་རུ་འཇུག་པ། གཞན་རྩོམ་ལ་མཚར་སྣང་དང་མྱོང་རོལ་བྱས་པ་ལས་སློབ་ཕྲུག་ཚོའི་རྒྱུད་ལ་རྩོམ་ཡིག་འབྲི་འདོད་ཀྱི་ཀུན་སློང་དང་། བརྩོན་པའི་མྱུ་གུ་ཞིག་སྐྱེད་སྲིང་ཐུབ་པ་བྱ་དགོས།
གཉིས་པ། སློབ་ཕྲུག་ཚོར་རྩོམ་འབྲིའི་ཤེས་བྱ་འཆད་ཁྲིད་ལེགས་པོ་བྱ་རྒྱུའི་སྐོར།
རྩོམ་འབྲིའི་ཤེས་བྱ་ནི་རྩོམ་ཡིག་འབྲི་སྦྱོང་བྱེད་སྐབས་ཀྱི་ལམ་སྟོན་ཞིག་ཡིན་པས་དགེ་རྒན་གྱིས་ལས་དང་པོ་བ་རྣམས་ལ་ངང་རྒྱུད་རིང་པོ་དང་། ཁ་གསལ་ཞིང་གོ་བདེ་བའི་ཐོག་ནས་རྩོམ་འབྲིའི་ཤེས་བྱ་ཁག་སློབ་ཁྲིད་ནན་ཏན་བྱས་ཏེ་རྩོམ་ཡིག་འབྲི་སྦྱོང་བྱེད་སྐབས་གང་ཐུབ་ཅི་ཐུབ་ཀྱིས་བེད་སྤྱོད་བྱེད་དགོས་པའི་རེ་བ་ནན་པོ་འདོན་དགོས་པ་ལས་གཙོ་ཕལ་གོ་ལྡོག་སྟེ་རྩོམ་འབྲིའི་ཤེས་བྱ་བློ་འཛིན་གྱིས་ཡིག་རྒྱུགས་ལ་ཁ་གཏད་གཅོག་པའི་ཕྱོགས་སུ་ལོག་འདྲེན་བྱེད་མི་རུང་བ་དང་གཅིག
རྩོམ་འབྲིའི་ཤེས་བྱ་སློབ་ཁྲིད་བྱེད་སྐབས་རྩོམ་འབྲིའི་ཤེས་བྱ་རྐྱང་པ་སློབ་ཁྲིད་མི་བྱེད་པར་རྩོམ་ཡིག་གཅིག་དཔེ་གཞིར་བཟུང་ནས་རྩོམ་ཡིག་ཐོག་རྩོམ་འབྲིའི་ཤེས་བྱ་བེད་སྤྱོད་ཇི་ལྟར་བྱས་ཡོད་པར་དབྱེ་ཞིབ་བྱེད་པ་དང་གཉིས། རྩོམ་ཡིག་ཐོག་མར་སྦྱོང་སྐབས་དཔེ་འབྲི་བྱེད་པའི་ཐབས་ལམ་བརྒྱུད་དགོས་ཀྱི་ཡོད་པས་དགེ་རྒན་གྱིས་ངལ་བ་ཁྱད་དུ་བསད་ནས་སློབ་མའི་ལོ་ནའི་ཁྱད་ཆོས་དང་མཐུན་པའི་སློབ་ཕྱིའི་རྩོམ་ཡིག་(རྩོམ་དཔེ། ཤེལ་དཀར་གླིང་པས་བརྩམས་པའི 《ལྷ་ས་དྲན་གླུ 》དང་། དཔེ་འབྲི་བྱས་པའི་རྩོམ་ཡིག་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི 《ལྷ་ས་སྐྱིད་གླུ 》ལྟ་བུ )གང་མང་འཚོལ་བསྡུ་བྱས་ཏེ་རྩོམ་དཔེ་དང་དཔེ་འབྲི་གཉིས་བསྡུར་བ་བཏང་ནས་ནང་དོན་དང་ཚིག་སྦྱོར་བྱེད་སྟངས། རྩོམ་ལུས་དང་རྩོམ་གྱི་སྒྲིག་གཞི་སོགས་ཀྱི་ཐད་དཔེ་འབྲི་ཇི་ལྟར་བྱས་ཡོད་པ་ཁ་གསལ་ཞིང་གོ་བདེ་བའི་ཐོག་ནས་ ཁྲིད་སྟོན་གནང་དགོས་པ་དང་གསུམ། དཔེ་འབྲི་བྱེད་པའི་དམིགས་ཡུལ་ནི་མི་གཞན་གྱི་རྩོམ་རྩལ་དེ་རང་གི་རྩོམ་རྩལ་དུ་འགྱུར་བ་བྱ་རྒྱུ་ཡིན་ལ་དཔེ་འབྲི་བྱེད་པར་གསར་རྩོམ་གྱི་ཆ་ལྡན་ཡོད་པས་མི་གཞན་གྱི་རྩོམ་ཡིག་བཤུ་བའི་ངན་ལམ་དུ་མི་འགྲོ་བའི་ནན་བཤད་གནང་དགོས་པ་དང་བཞི། རྩོམ་འབྲིའི་ལག་ལེན་ལ་འཇུག་རྒྱུ་ནི་རྩོམ་འབྲིའི་ཤེས་བྱ་སློབ་ཁྲིད་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་ངོ་མ་དེ་ཡིན་པས་དགེ་རྒན་གྱིས་རྩོམ་ཡིག་སློབ་ཁྲིད་བྱེད་པའི་འཆར་གཞི་ཞིབ་ཚགས་འགོད་དགོས་པ་མ་ཟད། སློབ་ཕྱིའི་རྩོམ་དཔེ་སོགས་གྲ་སྒྲིག་འཐུས་ཚང་ཡོད་དགོས་ལ། རྩོམ་འབྲིའི་སྦྱོང་བརྡར་སྤྲོས་པའི་དུས་ཚོད་དེ་་ཞོར་ཙམ་དུ་མ་ཡིན་པར་དུས་ཚོད་གཏན་འཁེལ་ཡོད་དགོས་པ། གཟའ་འཁོར་གཅིག་གི་ནང་ཉུང་མཐར་ཡང་རྩོམ་འབྲིའི་སྦྱོང་བརྡར་ཐེངས་རེ་སྤྲོས་རྒྱུ་འགན་ལེན་ཐུབ་དགོས་པ་དང་ལྔ་བཅས་སོ།
གསུམ་པ། སློབ་ཕྲུག་ཚོར་རྩོམ་ཡིག་ལྟ་ཀློག་བྱེད་ཐབས་ཁྲིད་སྟོན་བྱེད་པ།
གཞན་ཡང་རྩོམ་ཡིག་གང་མང་ལྟ་ཀློག་བྱེད་པ་ནི་རྩོམ་ཡིག་འབྲི་སྦྱོང་བྱེད་པའི་ཐད་ཀྱི་གལ་ཆེའི་ལྷུ་ཚིགས་ཤིག་ཡིན། འོན་ཀྱང་ད་ལྟ་སློབ་ཆུང་སློབ་ཕྲུག་མང་པོ་ཞིག་གིས་རྩོམ་ཡིག་ལྟ་ཀློག་བྱེད་སྐབས་ཤར་རེར་ཐེངས་གཅིག་བཀླགས་ཏེ་ནང་དོན་སྤྱི་ཁོག་ཙམ་ཞིག་ལས་མི་རྟོགས་པའམ་ཡང་ན་ནེ་ཙོའི་འདོན་པ་ལྟ་བུར་སོང་བའི་སྣང་ཚུལ་ཐོན་དང་ཐོན་མུས་ཡིན། འོ་ན་ཇི་ལྟར་བྱས་ཏེ་རྩོམ་ཡིག་ལྟ་ཀློག་བྱེད་དགོས་སམ་ཞེ་ན། གཅིག་ནས་རྩོམ་ཡིག་གང་རུང་ཞིག་ལྟ་ཀློག་བྱེད་སྐབས་ཀློག་ གིན་དུ་ནང་དོན་ལ་བསམ་བློ་གཏོང་དགོས་པ་དང་། གོ་དཀའ་བའི་མིང་ཚིག་འཕྲད་ཚེ་རང་དགར་མི་འཇོག་པར་བརྗོད་དོན་གོང་འོག་གི་ཚིག་དོན་དང་འབྲེལ་པ་བྱེད་པའམ་ཡང་ན་ཚིག་མཛོད་བཙལ་ནས་ནང་དོན་རྟོགས་པ་བྱེད་དགོས་ལ། གཞན་ཡང་རྩོམ་འབྲིའི་ཁྱད་ཆོས་ལ་བསམ་གཞིག་བྱེད་པ་དང་། ཡིད་དབང་འཕྲོག་པའམ་རང་བློར་འཐད་པའི་བརྗོད་ཚིག་ཁག་ལ་རྟགས་བཀོད་དེ་ཡིད་ལ་འཇགས་པ་བྱེད་དགོས་པ་དང་། གཉིས་ནས་རྩོམ་ཡིག་གི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་དགོས་ན་བརྗོད་ཚིག་རེ་རེ་དང་བརྗོད་དུམ་རེ་རེའི་ནང་དོན་ལ་གོ་བ་ཡག་པོ་ལོན་དགོས་པ། བརྗོད་དུམ་རེ་རེའི་ནང་དོན་རྣམས་ཕྱོགས་བསྡུས་ཀྱིས་དུམ་མཚམས་སོ་སོའི་ནང་དོན་རྟོགས་པ་བྱེད་པ། དེ་རྗེས་དུམ་མཚམས་སོ་སོའི་ནང་དོན་རྣམས་ཕྱོགས་བསྡུས་ཀྱིས་རྩོམ་ཡིག་གི་ཁ་བྱང་དང་འབྲེལ་བ་དམ་ཟབ་བྱས་ཏེ་རྩོམ་ཡིག་གི་བརྗོད་དོན་གཙོ་བོ་རྟོགས་པ་བྱེད་པ། རྩོམ་ཡིག་གི་བརྗོད་དོན་སྙིང་པོ་དང་ཁ་བྱང་དབར་མཐུད་སྦྱོར་ཇི་ལྟར་བྱས་ཡོད་པ་དང་། རྩོམ་ཡིག་གི་བརྗོད་དོན་སྙིང་པོ་དེ་འདྲ་ཞིག་མཚོན་པར་བྱེད་པ་ལ་རྩོམ་གྱི་རྒྱུ་གང་དག་བདམས་ཡོད་པ་སོགས་ལ་དབྱེ་ཞིབ་ནན་ཏན་བྱེད་དགོས་པ་དེ་ནི་གཞན་རྩོམ་ལྟ་ཀློག་བྱེད་སྐབས་ཀྱི་བརྒྱུད་རིམ་མེད་དུ་མི་རུང་ཞིག་ཡིན།
བཞི་པ། སློབ་ཕྲུག་ཚོར་རྩོམ་གྱི་བརྗོད་དོན་འཚོལ་སྟངས་ཐད་ཁྲིད་སྟོན་བྱེད་དགོས།
སློབ་ཆུང་སློབ་ཕྲུག་གི་ངོས་ནས་བཤད་ན་ཁོང་ཚོར་སྤྱི་ཚོགས་ཀྱི་ཉམས་མྱོང་ཞན་པ་དང་། མཐོང་ཐོས་ཉུང་བ། ལོ་ན་ཕྲ་བ་སོགས་ཀྱིས་རྐྱེན་པས་སློབ་ཕྲུག་ཚོས་རྩོམ་ཡིག་འབྲི་སྦྱོང་བྱེད་སྐབས་འབྲི་བྱའི་ནང་དོན་མེད་པ་དེ་དཀའ་གནད་ཆེ་ཤོས་སུ་གྱུར་ཡོད། འོ་ན་ཇི་ལྟར་བྱས་ནས་འབྲི་བྱའི་ནང་དོན་འཚོལ་བསྡུ་བྱེད་དགོས་རེད་དམ་ཞེ་ན། རྩོམ་གྱི་རྒྱུ་ཆ་ནི་ང་ཚོའི་འཚོ་བའི་ནང་ནས་བྱུང་ཞིང་། ང་ཚོའི་འགུལ་སྐྱོད་ཡོད་དོ་ཅོག་འཚོ་བ་དང་འབྲེལ་ནས་ཡོད་པས་ང་ཚོས་རྒྱུན་གཏན་ནས་རང་གི་འཚོ་བའི་ཁྲོད་ཀྱི་དོན་དག་ལ་བསམ་གཞིག་བྱེད་རྒྱུ་ནས་བཙུགས་ཏེ། རང་གི་ཉེ་འཁོར་དུ་བྱུང་བའི་གནས་ཚུལ་ལ་སྣང་འཇོག་གིས་ཟིན་ཐོར་འགོད་པ་དང་། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་མི་སྣར་ལྟ་ཞིབ་དང་ཉམས་ཞིབ་བྱེད་པ། དེ་བཞིན་རང་ཉིད་དགའ་བའི་སྲོག་ཆགས་ཀྱི་ཕྱིའི་དབྱིབས་དང་། གཤིས་ཀ འཚོ་བའི་གོམས་གཤིས། འགྲོ་སྡུག་སོགས་དང་། རྩེད་ཆས་ཀྱི་དབྱིབས་དང་། ཁྱད་ཆོས། བྱེད་ནུས་སོགས་ལ་ལྟ་ཞིབ་རྒྱུན་འཁྱོངས་བྱེད་པ། ཕ་ཡུལ་གྱི་རི་ཆུ་ནགས་ལྗོངས་དང་། འཕོ་འགྱུར་གསར་པ་དང་འཚོ་བ་གསར་པ་སོགས་ལ་ལྟ་ཞིབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ན་འབྲི་བྱའི་ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཡོང་བ་བྱེད་དགོས་སོ།
ལྔ་པ། རྩོམ་ཡིག་ལ་ཞུས་དག་གཏོང་སྐབས་ཁྲིད་སྟོན་བྱ་རྒྱུའི་སྐོར།
ད་ལྟ་སློབ་ཆུང་སློབ་ཕྲུག་ཚོས་རྩོམ་ཡིག་འབྲི་སྐབས་མགོ་བརྩམས་པ་ནས་མཇུག་བསྡུ་བའི་བར་བསམ་བློ་ཤར་རེར་བཏང་ནས་འབྲི་བ་ལས་ཞུས་དག་གཏོང་བའི་གོམས་གཤིས་ལེགས་པོ་ དེ་ཙམ་མེད། རྩོམ་པ་པོ་སུ་འདྲ་ཞིག་རུང་འབྲི་ཐེངས་གཅིག་ལ་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་པའི་ངེས་པ་མེད། དེས་ན་རྩོམ་ཡིག་ལ་ཞུས་དག་གཏོང་བ་ནི་རྩོམ་ཡིག་འབྲི་བའི་བྱ་རིམ་ཁྲོད་ཀྱི་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན། འོ་ན་རྩོམ་ཡིག་ལ་ཕྱོགས་གང་དག་ནས་ཞུས་དག་གཏོང་དགོས་སམ་ཞེ་ན། གཅིག་ནས་རྩོམ་ཡིག་གི་བརྗོད་བྱའི་སྙིང་པོ་འབུར་དུ་ཐོན་པ་བྱེད་དགོས་པ་སྟེ། རྩོམ་ཡིག་འབྲི་བའི་དམིགས་ཡུལ་ནི་རང་ཉིད་ཀྱི་ནང་སེམས་ཀྱི་འཇིག་རྟེན་མཚོན་པའི་ཆེད་དང་། ཡང་ན་རང་གིབརྗོད་འདོད་ཀྱི་དོན་དེ་གཞན་ལ་ཤེས་སུ་འཇུག་པའི་ཆེད་དུ་ཡིན། དེའི་ཕྱིར་རྩོམ་ལ་དག་བཅོས་བྱེད་སྐབས་ཐོག་མར་བརྗོད་བྱའི་སྙིང་པོ་དེ་ཡང་དག་མིན་དང་རྒྱུས་ཟབ་པོ་ལོན་ཡོད་མེད། དེ་གཅིག་བསྡུས་དང་གསལ་པོ་བརྗོད་ཡོད་མེད་བཅས་ལ་གཞིགས་ནས་ནོར་བ་རྣམས་དག་བཅོས་དང་མི་འདང་ས་ཁ་སྐོང་བྱེད་དགོས་པ་དང་། གཉིས་ནས་རྩོམ་གྱི་རྒྱུ་ཆ་དང་བརྗོད་བྱ་མཐུན་པ་བྱེད་དགོས་པ་སྟེ། རྒྱུ་ཆ་ནི་རྩོམ་གྱི་བརྗོད་བྱའི་དོན་ ཞིབ་ཏུ་བརྗོད་བྱེད་ཀྱི་དངོས་པོ་དང་ལྟ་བ་ཞིག་ར་སྤྲོད་བྱེད་དུ་བཀོད་པའི་རྒྱུ་མཚན་ཡིན་པས། རྒྱུ་ཆ་གདམ་གསེས་དང་རྒྱུ་ཆ་བཀོད་སྤྱོད་བྱེད་སྐབས་རྒྱུ་ཆ་དང་བརྗོད་དོན་གཉིས་གཅིག་མཐུན་ཡོང་བ་བྱ་དགོས། རྒྱུ་ཆ་དང་བརྗོད་དོན་གཉིས་གཅིག་མཐུན་ཡོང་བ་བྱེད་པར་སྤྱིར་བཏང་དུ་རྒྱུ་ཆ་སྣོན་པ་དང་། འཕྲི་བ། བརྗེ་བ་བཅས་བྱེད་དགོས། རྒྱུ་ཆས་རྩོམ་གྱི་བརྗོད་བྱའི་སྙིང་པོ་མཚོན་པར་བྱེད་དགོས་ཀྱི་ཡོད་པས་རྒྱུ་ཆའི་དོན་རྣམས་མདོར་བསྡུས་པ་དང་། དཔེ་མཚོན་རང་བཞིན་ལྡན་པ་ཞིག་ཡིན་དགོས། གལ་ཏེ་རྒྱུ་ཆ་སྤྱོད་རྒྱུ་མང་ཉུང་འཚམས་པོ་མ་བྱུང་ཚེ་བརྗོད་ སྟོབས་ཇེ་ཞན་དུ་འགྲོ་བས། རྩོམ་གྱི་བརྗོད་བྱར་གཞིགས་ནས་སྔར་གྱི་རྒྱུ་ཆར་གང་འོས་ཀྱིས་འཕྲི་བ་དང་། སྣོན་པ། བརྗེ་བ་སོགས་བྱས་ཏེ་རྒྱས་བསྡུས་འཚམས་ཤིང་བརྗོད་དོན་དང་མཐུན་པ་ཞིག་དགོས། གསུམ་ནས་བརྗོད་བྱེད་ཀྱི་ཚིག་ལ་ཞུས་དག་བྱེད་པ་སྟེ། བརྗོད་བྱེད་ཀྱི་ཚིག་ནི་བརྗོད་བྱའི་དོན་མཚོན་བྱེད་ཡིན་པས། ཚིག་སྦྱོར་ལ་ནོར་སྐྱོན་བྱུང་ཚེ། བརྗོད་བྱའི་དོན་མི་གསལ་བའམ་མི་གོ་བས་ཀློག་པ་པོ་མགོ་ཪྙོག་ཏུ་འཇུག་སྲིད། དེ་བས་བརྗོད་དོན་ཡང་དག་ཅིང་མདོར་བསྡུས་པ། ཚིག་གི་སྡེབ་སྦྱོར་དག་ཅིང་གསོན་ཉམས་ལྡན་པའི་རྩོམ་ཡིག་ཅིག་འབྲི་བར་ཚིག་སྦྱོར་ལ་ཞུས་དག་ཡང་ཡང་གཏོང་དགོས། ཚིག་ལ་ཞུས་དག་གཏོང་སྐབས་ཚིག་གི་རྒྱས་བསྡུས་རན་མིན་དང་། ཐ་སྙད་དོན་ལ་འཇུག་མིན། རྣམ་དབྱེ་དང་ཚིག་ཕྲད་སྦྱོར་སྟངས་ནོར་ཡོད་མེད་སོགས་ལ་བསམ་བློ་ཞིབ་ཚགས་བཏང་སྟེ་དག་བཅོས་གང་འོས་བྱེད་དགོས་པ་བཅས་སོ།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྫེ་འབུམ་སྒང་སློབ་ཆུང་གི་དགེ་མིང་ངག་དབང་ཚེ་རིང་གིས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣