དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མའི་ཀུན་སྤྱོད་སློབ་གསོའི་ཐད་ཀྱི་བསམ་ཚུལ་ཕྲན་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-08

        འཇིག་རྟེན་འདིའི་ཐོག་འགྲོ་བ་མིའི་རིགས་བྱུང་བ་ནས་དུས་རབས་ཉེར་གཅིག་ལ་སླེབས་པའི་ད་ཆའི་བར་གྱི་འཕེལ་རིམ་ཁྲོད་རང་བྱུང་ཁམས་དང་འཐབ་རྩོད་བྱེད་ཞོར་བློའི་སྣང་ངོར་འཆར་དཀའ་བའི་རང་བྱུང་ཁམས་ཀྱི་གསང་བ་ཡ་མཚན་དག་ལ་རྟོག་ཞིབ་དང་ཞིབ་འཇུག་ཡང་ཡང་བྱས་པའི་མཐར་དེང་གི་འཇིག་རྟེན་ལྟ་ཚུལ་དང་ཀུན་སྤྱོད་ལྟ་ཚུལ་སོགས་རིམ་པར་གྲུབ། དུས་རབས་མི་འདྲ་བའི་ཀུན་སྤྱོད་ཀྱི་ཚད་གཞི་མི་འདྲ་ལ་དང་མི་རིགས་དང་རྒྱལ་ཁབ་མི་འདྲ་བའི་ཀུན་སྤྱོད་ཀྱི་ཚད་གཞི་ཡང་མི་མཐུན་ས་ཡོད་ཀྱང་གང་ལྟར་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲོད་ཀུན་གྱིས་ཚད་མར་འཛིན་པའི་ཀུན་སྤྱོད་ཅིག་ཀྱང་རིམ་པས་གྲུབ་བཞིན་ཡོད། བོད་མི་རིགས་ལ་མཚོན་ནའང་སྔོན་བྱོན་མཁས་པ་མང་པོས་བརྩམས་པའི་ཀུན་སྤྱོད་སློབ་གསོའི་ཐད་ཀྱི་བསླབ་བྱ་དང་། ལེགས་བཤད། གཏམ་དཔེ། བསྟན་བཅོས་སོགས་རི་བོའི་གཏོས་དང་མཉམ་པ་བརྩམས་ཡོད་པ་དག་མི་རབས་ནས་མི་རབས་སུ་རྒྱུན་འཛིན་དར་སྤེལ་བཏང་ནས་མེད་དུ་མི་རུང་བའི་བསམ་བློའི་རྒྱགས་ཕྱེ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། སློབ་གསོ་ནི་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་ལེགས་སུ་གཏོང་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་འཛམ་གླིང་ཀུན་གྱིས་ཁས་ལེན་བྱེད་པ་མ་ཟད། སློབ་གསོ་ནི་ལོ་བརྒྱའི་ཇུས་ཆེན་གྱི་གཞི་རྩ་ཡིན་པའི་ངོས་འཛིན་ཡང་བྱེད་བཞིན་ཡོད། འཇིག་རྟེན་ཐོག་བཙས་མ་ཐག་གི་བྱིས་པ་ཚོའི་རྣམ་ཤེས་ནི་ཤོག་བུ་དཀར་པོ་ཞིག་དང་འདྲ་བས་བྱིས་པའི་སེམས་ཁམས་དག་ཡང་དག་པའི་ཀུན་སྤྱོད་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱས་ཏེ་རྣམ་ཤེས་ཀྱི་ཤོག་དཀར་དེའི་སྟེང་མཛེས་སྡུག་རྣམ་པར་བཀྲ་བའི་མཛེས་ལྗོངས་ཤིག་འབྲི་རྒྱུ་ནི་ཁྱིམ་ཚང་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་སོགས་དང་འབྲེལ་བ་དམ་ཟབ་ཡོད་པས་སློབ་གསོའི་གལ་ཆེའི་རང་བཞིན་ཡང་དེ་དག་ལས་གསལ་པོར་མཐོང་ཐུབ། མི་ཞིག་འཚར་ལོངས་བྱུང་རྗེས་ཀུན་གྱིས་བསྟོད་ཅིང་བཀུར་བའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བཟང་ཞིག་ཆགས་སམ་ཡང་ན་ཀུན་གྱིས་སྨད་ཅིང་དོར་བའི་མི་ངན་ཞིག་ཆགས་མིན་གཙོ་བོ་ཀུན་སྤྱོད་ལེགས་ཉེས་ལ་ཐུག་ཡོད་པས་གཤམ་དུ་སློབ་ཆུང་སློབ་མའི་ཀུན་སྤྱོད་སློབ་གསོའི་ཐད་ཀྱི་ཁོ་མོ་རང་ཉིད་ཀྱི་འདོད་ཚུལ་ཕྲན་བུ་རང་བློས་གང་དཔོག་གིས་བརྗོད་ན་འདི་ལྟར།

        བྱིས་པ་འཚར་ལོངས་ཡོང་བའི་མི་ཚེའི་བརྒྱུད་རིམ་ནང་ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིན་ན་ཕ་མ་ཚོས་རྒྱུན་དུ་ཁྱིམ་ཚང་ནང་རང་གི་བཟའ་སྡོད་སྐྱོད་གང་སར་དོ་སྣང་ཆེན་པོ་བྱེད་དགོས་པ་མ་ཟད། ཕན་ཚུན་གུས་ཤིང་བཀུར་བ་དང་འཆམ་མཐུན་མཉམ་རོགས་ཀྱི་ཐོག་ནས་ཕྲུ་གུའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། ཕྲུ་གུས་ཕ་མའི་བྱ་སྤྱོད་དང་གཏམ་གླེང་ལ་ལད་མོ་བྱེད་པ་ནི་ཕྲུ་གུས་སློབ་སྦྱོང་བྱེད་པའི་གོམ་པ་དང་པོ་ཡིན་ལ་ཕྲུ་གུའི་ལུས་སེམས་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་པའི་འགོ་ཡང་ཚུགས་པ་ཡིན། བོད་ཀྱི་གཏམ་དཔེར “ཕ་རྒྱུད་བུ་ལ་མི་འཇག་ན་རི་བོང་ཤོ་ཏོ་གང་ནས་ཡོང ”ཞེས་པ་དང “ཕ་མ་བཟང་པོའི་བུ་ཕྲུག་དང་དགེ་རྒན་བཟང་པོའི་སློབ་མ ”ཞེས་ཤོད་སྲོལ་ཡོད་པ་དེ་ཐོག་ནས་ཕ་མའི་རྒྱུན་གཏན་གྱི་གཏམ་སྤྱོད་ཀྱིས་ཕྲུ་གུའི་མི་ཚེ་གང་བོར་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་ལྷམ་མེར་མཐོང་ཐུབ། དེས་ན་ཕ་མས་ཕྲུ་གུ་སློབ་གྲྭར་མ་བཏང་གོང་ཕྱོགས་གཅིག་ནས་ཤེས་རིག་ལ་དོ་སྣང་དང་དགའ་ཞེན་བྱེད་པའི་བསམ་བློ་སྐྱེད་སྲིང་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས་ལ་ཕྱོགས་གཞན་ཞིག་ནས་ཁྱིམ་དུ་མགྲོན་པོ་ཕེབས་སྐབས་སྐྱེལ་བསུ་བྱེད་སྟངས་དང་། གུས་ལུགས་མཚོན་པའི་གཏམ་གླེང་བྱེད་སྟངས། རྒན་བཀུར་གཞོན་གཅེས་ཀྱི་གུས་ལུགས་བྱེད་སྟངས། དེ་བཞིན་བཟའ་སྡོད་སྐྱོད་གསུམ་སོགས་ལ་གལ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཕྲུ་གུར་ཡང་དག་པའི་ཀུན་སྤྱོད་ཀྱི་ལྟ་ཚུལ་ཞིག་ཆགས་རྒྱུར་རྨང་གཞི་འདིང་དགོས། དེ་བཞིན་བྱིས་གསོ་ཁང་ནི་ཕྲུ་གུ་སློབ་ཞུགས་གོང་གི་ཀུན་སྤྱོད་སློབ་གསོ་གཏོང་བའི་སློབ་གྲྭའི་སློབ་གསོ་ཐོག་མ་དེ་ཡིན་ལ་དངོས་སུ་ཡ་མཚན་ཆེ་བའི་ཕྱིའི་འཇིག་རྟེན་ཁམས་ལ་རྟོག་ཞིབ་བྱེད་པའི་དམིགས་བསལ་གྱི་དུས་རིམ་ཞིག་ཀྱང་ཡིན་པས་དུས་སྐབས་འདིའི་རིང་དགེ་རྒན་གྱི་ལས་ཀའི་གཙོ་གནད་ནི་ཕྲུ་གུར་གསོན་ཉམས་ལྡན་ལ་སྤྲོ་སྣང་གི་རྣམ་པ་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རང་བཞིན་གྱི་སྒྲ་དང་གཟུགས་བཪྙན་སོགས་ཀྱི་མཚམས་སྦྱོར་ལ་བརྟེན་ནས་རྨང་གཞིའི་ཐ་སྙད་དང་ཚོས་གཞི་བཟོ་དབྱིབས་སོགས་ངོས་འཛིན་ཡོང་ཐབས་བྱེད་པ་ཕུད་དེ་བས་གལ་ཆེ་ཤོས་ནི་ཤེས་ཡོན་ལ་དགའ་ཞེན་དང་ཀུན་སྤྱོད་བཟང་པོ་འཇག་ཐབས་བྱེད་དགོས་པ་དེ་ཡིན། སློབ་ཆུང་སློབ་གསོའི་ཁྲོད་ཕྲུ་གུ་སློབ་གྲྭར་ཞུགས་རྗེས་སློབ་གྲྭས་ཏང་དང་རྒྱལ་ཁབ་ཀྱི་གཏན་འབེབས་དང་སློབ་ཁྲིད་རྩ་འཛིན་གཞིར་བཟུང་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ་བཅས་ཕྱོགས་གང་ཐད་ལ་ཡར་རྒྱས་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས། དེའང་ཀུན་སྤྱོད་སློབ་གསོ་ཁྲུའུ་ཡིས་མ་མཐར་ཡང་སློབ་དུས་རེའི་ནང་ཡུལ་དུས་ངེས་མེད་ཀྱི་ཀུན་སྤྱོད་པར་རིས་འགྲེམས་སྟོན་དང་། ཀུན་སྤྱོད་གློག་བཪྙན་སྟོན་པ། ཀུན་སྤྱོད་འཆད་འཁྲིད་བྱེད་པ། ཀུན་སྤྱོད་ཤེས་བྱ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་དཔའ་བོའི་བང་སོ་དང་གསར་བརྗེའི་རྟེན་གཞིར་ལྟ་སྐོར་དུ་འཁྲིད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སློབ་ཕྲུག་ཚོར་བཅིངས་འགྲོལ་དམག་འཐབ་དང་སྔོན་གཤེགས་དཔའ་བོའི་མཛད་འཕྲིན་གསལ་པོ་ཤེས་རྟོགས་ཐུབ་པ་བྱེད་དགོས་ལ་སྤྱི་ཚོགས་གསར་ཪྙིང་བསྡུར་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ནི་སྔོན་གཤེགས་དཔའ་བོ་ཁྲི་སྟོང་མང་པོས་རང་སྲོག་བློས་བཏང་ནས་བྱུང་བ་ཡིན་པའི་ངེས་ཤེས་བརྟན་པོ་ཡོང་བ་བྱེད་དགོས། དེ་ལྟར་ཐུབ་ཚེ་ཕྲུ་གུ་ཚོས་ད་ལྟའི་འཚོ་བར་དགའ་ཞེན་དང་ཚེ་སྲོག་ལ་གཅེས་པའི་ཀུན་སློང་དང་འདུ་ཤེས་གསོ་སྐྱོང་བྱེད་ཐུབ་པ་དང་མེས་རྒྱལ་དང་། མི་དམངས། མཉམ་སྡེབ་བཅས་ལ་དགའ་ཞེན་བྱེད་པའི་བསམ་བློ་རང་ཤུགས་ཀྱིས་ཡིད་ལ་འཇགས་ཐུབ། དེ་བཞིན་སློབ་གྲྭས་དུས་ཚོད་ངེས་ཅན་བེད་སྤྱད་དེ་ཁྲིམས་འཛིན་ཚན་པའི་མི་སྣ་གདན་འདྲེན་ཞུས་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྒྲིག་གི་ཤེས་བྱ་གང་མཁོ་བཤད་ཁྲིད་བྱས་ནས་སློབ་ཕྲུག་ཚོས་ཆུང་དུས་ནས་བདེ་འཇགས་ལ་དོགས་ཟོན་དང་། ཁྲིམས་ལུགས་ལ་བརྩི་སྲུང་། ཀུན་སྤྱོད་ལ་དོ་སྣང་བྱེད་པའི་རྨང་གཞིའི་འདུ་ཤེས་སྲ་ཞིང་བརྟན་པ་འཛུགས་དགོས། དེ་མིན་ཁྱིམ་ཚང་གིས་ཀྱང་སློབ་གྲྭའི་སློབ་གསོར་དོ་ཁུར་ཆེན་པོ་བྱས་ནས་རྒྱུན་དུ་སློབ་གྲྭ་དང་དགེ་རྒན་དང་འབྲེལ་གཏུགས་མང་ཙམ་བྱེད་པ་དང་ཕྲུ་གུའི་སྒྲིག་ལམ་དང་ཀུན་སྤྱོད་ལ་རྒྱུན་དུ་ལྟ་སྐུལ་བྱེད་དགོས།

        སྤྱི་ཚོགས་ཀྱིས་སློབ་མ་ཚོར་སློབ་གསོའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ནི་སྤྱི་ཚོགས་ཧྲིལ་པོའི་འོས་འགན་ཡིན་ཏེ། ཁོ་ཚོ་ནི་རྒྱལ་ཁབ་ཀྱི་མ་འོངས་པའི་རེ་བ་དང་བྱ་གཞག་གི་ཤུལ་འཛིན་པ་ཡིན་པས་མ་འོངས་པའི་སྤྱི་ཚོགས་དང་བྱ་གཞག་གོང་འཕེལ་གཏོང་དགོས་ན་སློབ་གསོར་མཐོང་ཆེན་དང་སློབ་ཕྲུག་གི་བསམ་བློ་ཀུན་སྤྱོད་ལ་གཙིགས་ཆེན་བྱ་རྒྱུ་ནི་སྤྱི་འབངས་ཀུན་གྱིས་དོར་ཐབས་མེད་པའི་ལས་འགན་ཞིག་ཡིན། དེར་བརྟེན་སྤྱི་ཚོགས་ཧྲིལ་པོས་རང་གི་ཕྲག་ཐོག་གི་འགན་འཁྲི་མི་དོར་བར་དྲ་ཁང་། ཨར་ཁང་། ནང་མ་ཁང་སོགས་སུ་ལོ་ཆུང་བྱིས་པ་འགྲོ་འོང་བྱེད་དུ་མི་འཇུག་པ་དང་སྦྲགས་ཁོང་ཚོར་དེ་ཚོའི་གནོད་སྐྱོན་ལ་ངོས་འཛིན་ཡང་དག་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས།

        མདོར་ན། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་ཐུན་མོང་ཐོག་སྤྱོད་ཡོན་གཉིས་ལྡན་གྱི་ང་ཚོའི་མི་རབས་རྗེས་མ་གསོ་སྐྱོང་བྱ་རྒྱུར་འབད་པ་ཧུར་དུ་ལེན་དགོས།

        (བོད་ལྗོངས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་ལྟེ་བའི་སློབ་ཆུང་ཀུན་སྤྱོད་ཁྲུའུ་ཡི་བཀྲ་ཤིས་གཡུ་སྒྲོན་གྱིས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།