སྙན་ངག་ནི་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར་ཞིག་ལ་ཟེར་ཞིང་། གྱེར་འདོན་གྱི་རྣམ་པས་སྙན་ངག་གི་སྙན་པའི་མཛེས་པ་མི་དེ་བས་མང་བས་ལོངས་སྤྱོད་ཐུབ་པའམ་མི་རྣམས་སྙན་ངག་གི་འཇིག་རྟེན་ཡངས་ཤིང་རྒྱ་ཆེ་བ་དེར་འཁྲིད་ཐུབ་སྙམ། དེ་ཡང་སྙན་ངག་གྱེར་འདོན་ལེཌ་འགྲུབ་ཡོང་བར་བྱེ་བྲག་གི་རམ་འདེཌ་ལ་སྣང་ཆེན་བྱེད་དགོས་པའི་སྐོར་རང་གི་ལྟ་ཚུལ་མདོར་བསྡུས་གླེང་བར་བྱ་སྟེ།
དང་པོ། བཞིན་གྱི་ཉམས་འདོན་ཚུལ་གླེང་བ།
གྱེར་འདོན་ཞེས་པའི་ཐ་སྙད་ལས་སྙན་ངག་གི་གྱེར་འདོན་ནི་ངག་གི་བྱེད་ནུས་ལ་གཙོ་བོར་བསྟེན་པའི་བྱ་བ་ཞིག་ཏུ་བསམ་མོད་། ངག་འབའ་ཞིག་གི་བྱེད་ནུས་ལ་བརྟེན་ནས་སྙན་ངག་གྱེར་འདོན་གྱི་རེ་བ་བསྒྲུབ་ཏུ་རེ་བ་ནི་ཐབས་ཀྱི་མཆོག་མ་ཡིན། གྱེར་འདོན་སྙན་ངག་ནི་གྱེར་པ་པོས་གྱེར་བྱའི་དོན་གང་ཡིན་པ་དེར་ངེས་ཤེས་ཟབ་མོས་དེས་རང་ཉིད་ཀྱི་སེམས་ཁམས་ན་དགའ་སྐྱོ་ལ་སོགས་པའི་ཚོར་བས་ཀུན་ནས་གཡོས་ཏེ། དེ་དག་འགྱུར་བའི་སྟོབས་ཀྱིས་ཕྱིའི་ལུས་ངག་གི་རྣམ་པར་གསལ་དགོས། འདིར་ལུས་ངག་གི་རྣམ་པར་གསལ་ཞེས་ལུས་དང་ངག་གཉིས་གཙོ་ཕལ་གྱི་དབྱེ་བ་མེད་པར་བསྟན་པས། སྐྱེས་བུའི་བཞིན་ནས་སྒེག་དང་དྲག་ཤུལ། དཔའ་བ། སྙིང་རྗེ། མི་སྡུག འཇིགས་རུང་སོགས་ཀྱི་ཉམས་གང་ཡང་མེད་པ་ཞིག་གིས་སྙན་ངག་གྱེར་འདོན་བྱས་ན་གཞན་གྱི་ཡིད་དབང་འཕྲོག་པར་མི་ནུས་ལ་ཉན་པར་ཡང་མི་སྤྲོའོ། “ཉམས་དང་མི་ལྡན་ན་དགའ་སྡང་ཆགས་ཞེན་སོགས་ཀྱི་འདུ་ཤེས་མཚོན་པར་མི་ནུས་”པར་བཤད་པས་ཉམས་ལྡན་གྱི་རྒྱན་བརྒྱད་པོ་དེ་ཡང་ཐོག་མར་ཟློས་གར་གྱི་ལམ་ནས་བསྟན་ཅིང་“དུས་རབས་བདུན་པའི་སྐབས་སུ་བྷ་མ་ཧས 《སྙན་ངག་རྒྱན་འཇུག 》བྱ་བའི་ལེའུ་དྲུག་གི་བདག་ཉིད་ཅན་ཞིག་བརྩམས་ནས་རང་སྐྱ་འཕེར་བའི་ཐོག་ནས་སྙན་ངག་ཏུ་དྲངས་”པ་ཡིན་ཞིང་། གྱེར་འདོན་སྙན་ངག་རང་ངོས་ནས་སྐད་ཆའི་སྒྱུ་རྩལ་དང་བཞིན་གྱི་ཉམས། ལག་པའི་ཕྱག་རྒྱ། རོལ་མོའི་རམ་འདེགས་སོགས་ལ་བརྟེན་དགོས་པའི་གར་སྟེགས་ཀྱི་སྒྱུ་རྩལ་ཞིག་ཡིན། གྱེར་བྱའི་སྙན་ངག་གི་ནང་དོན་མི་འདྲ་བར་བརྟེན་ནས་དེས་རྩོམ་པ་པོའི་ནང་སེམས་ལ་བསླངས་པའི་ཚོར་འདུ་ཡང་མི་འདྲ་བས། ཚོར་འདུ་དེ་དང་བསྟུན་ནས་བཞིན་གྱི་ཉམས་སྐབས་བསྟུན་གྱི་སྟོན་དགོས་ཏེ། གྱེར་པ་པོའི་ནང་སེམས་ལ་སྤྲད་པའི་ཚོར་བ་སྐྱུར་མོ་ཡིན་ན་བཞིན་ནས་སྐྱོ་བའི་ཉམས་སྟོན་དགོས་པ་དང་། དགའ་བ་ཡིན་ན་སྒེག་པའི་ཉམས་སྟོན་དགོས་པ་སོགས་རིགས་འདྲེས་པར་བྱའོ།། སྙན་ངག་ནི་ནང་སེམས་ཀྱི་འགྱུར་བ་ཕྲ་རགས་དག་མཚོན་པར་བྱེད་པ་ཡིན་པས་གྱེར་འདོན་གྱི་སྐབས་བཞིན་གྱི་ཉམས་གཅིག་ཁོ་ན་འགོ་མཇུག་མཐའ་དག་ཏུ་མ་ངེས་པས་རིག་པ་ཞིབ་མོས་ནང་སེམས་ཀྱི་འགྱུར་བ་འགྲོ་ཚུལ་དང་། དེ་ཕྱིའི་ལུས་ངག་གི་ཉམས་སུ་ཇི་ལྟར་ཐོན་མིན་ལ་ཡིད་འཇོག་བྱེད་རྒྱུ་ནི་གྱེར་འདོན་སྙན་ངག་གི་ཆེས་དཀའ་བའི་གནད་ཡིན་ལ་གཙོ་བོ་ཡང་ཡིན་པས་སྙན་གཞུང་སྐབས་ཀྱི་ཉམས་ལྡན་རྒྱན་གྱི་རྣམ་གཞག་ལ་སྦྱང་པ་མི་ལྷོད་པར་བྱ་རྒྱུ་གལ་ཆེའོ།།
གཉིས་པ། ཡན་ལག་གི་ཕྱག་རྒྱ་གླེང་བ།
འདིར་འཆད་པའི་ཡན་ལག་གི་ཕྱག་རྒྱ་ནི་གཙོ་བོར་ལག་པའི་ཕྱག་རྒྱར་ཟེར་བ་ཡིན་ཏེ། ཡན་ལག་གི་ཕྱག་རྒྱར་བརྟེན་ནས་མི་ཕན་ཚུན་གོ་བརྡ་སྤྲོད་རེས་བྱེད་པའི་ཐབས་འདི་ནི་གདོད་མའི་སྤྱི་ཚོགས་ཀྱི་སྐད་ཆ་མ་བྱུང་བའི་སྔོན་ལ་ནང་སེམས་ཀྱི་ཚོར་བ་བརྒྱུད་སྤྲོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། སྐད་ཆ་བྱུང་བའི་རྗེས་སུ་སྐད་ཆ་གང་རུང་གི་གོ་བརྡ་སྤྲད་པར་ནུས་པ་ཆེན་པོ་མི་ཐོན་པའམ་སྐད་ཆའི་མཚོན་སྟོབས་དང་། བརྡ་སྤྲོད་པའི་ནུས་པ་དེ་བས་ཤུགས་ཆེར་གཏོང་ཆེད་རམ་འདེགས་ཀྱི་ཚུལ་དུ་ལག་པའི་ཕྱག་རྒྱ་ད་དུང་བེད་སྤྱོད་བཏང་དང་གཏོང་མུས་ཡིན། སྙན་ངག་གི་གྱེར་འདོན་སྐབས་སུ་ལག་པའི་ཕྱག་རྒྱའི་རམ་གདེགས་ལ་བརྟེན་པ་ནི་གྱེར་བྱའི་སྙན་ངག་གི་དོན་གང་ཞིག་མངོན་སུམ་གཟུགས་ཅན་གྱིས་ལྟད་མོ་བའི་ཡིད་ཡུལ་དུ་བསྐྱལ་ཐུབ་པའི་དགོས་པར་དམིགས་པ་ཡིན། དཔེར་ན་གྱེར་བྱའི་སྙན་ངག་གི་ནང་དོན་ལས་གྱེར་པ་པོའི་ནང་སེམས་སུ་ཁོང་ཁྲོ་དང་མི་དགའ་བ་འཆར་སྐབས་སུ་ནང་སེམས་ཀྱི་འགྱུར་བ་དེ་དག་བཞིན་ནས་མངོན་པ་ཙམ་མ་ཟད་ལག་གི་ཁུ་ཚུར་བསྒྲེངས་བ་དང་། ཡང་ན་བྲང་ཁར་གཞུ་བ་སོགས་ཀྱིས་བྱ་བྱེད་ལས་ལྟད་མོ་བའི་ཡིད་སེམས་སུ་དེ་བས་གཟུགས་བཪྙན་དང་གསོན་ཉམས་དོད་པོས་བརྗོད་དོན་དག་རྟོགས་ཐུབ། ལག་པའི་ཕྱག་རྒྱ་གང་རུང་སྐབས་བསྟུན་གྱི་བྱ་བ་ལས་མང་དྲགས་ནའང་དགེ་མཚན་དུ་མི་འགྲོ་ཞིང་དེ་ལས་ལྡོག་སྟེ་འཕྱ་བ་དང་རང་གི་སྟོན་འདོད་པའི་དོན་གཞན་གྱིས་ལོག་པར་གོ་བའི་སྐྱོན་དུ་འགྱུར་བས་ཡིད་གཟབ་བྱེད་རྒྱུ་གལ་ཆེའོ།
གསུམ་པ། རམ་འདེགས་ཡོ་བྱད་རོལ་དབྱངས་གླེང་བ།
སྙན་ངག་འདོན་པའི་སྐབས་སུ་རོལ་དབྱངས་ཀྱི་གདངས་དང་ལྷན་གཅིག་གྱེར་བའི་སྲོལ་དེ་དེང་སྐབས་གསར་དུ་ཐོན་པ་ཞིག་མིན་པར་གནའ་རབས་ནས་དར་ཡོད་དེ། གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་སྙན་ངག 《ར་མ་ཡ་ཎ 》དང་《མ་ཧཱ་བྷ་ར་ཏ 》སོགས་དམངས་ཁྲོད་ཀྱི་གླུ་པ་ཚོས་རྒྱལ་པོ་དང་སྐུ་དྲག་གི་ཕོ་བྲང་ནང་དུ་རོལ་མོ་དང་སྡེབ་ནས་གྱེར་བའི་སྲོལ་ཡོད། “ནུབ་ཕྱོགས་སུའང་སྙན་ངག་མཁན་ཧེ་མ་ནས་འགོ་ཚུགས་ཏེ་ཁོ་ཚོའི་སྐད་བརྡའི་རིགས་སྣ་ཚོགས་དང་མཐུན་པའི་གྱེར་འདོན་བྱ་ཐབས་བཙལ་ཪྙེད་བྱུང ”སྙན་ངག་གྱེར་འདོན་གྱི་སྐབས་སུ་རོལ་མོ་དང་སྡེབ་པ་ནི་རོལ་མོ་རང་ངོས་ནས་འདེགས་འཇོག་གསལ་བའི་རྐྱེན་གྱིས་སྙན་ངག་གི་འགྲོས་སམ་འཇོག་ཐོན་པར་རམ་འདེགས་ཀྱི་ནུས་པ་ཆེ་བ་དང་། ས་པཎ་གྱི་རོལ་མོའི་བསྟན་བཅོས་ལས “འགའ་ཞིག་འགའ་ལ་མི་མཛེས་ཤིང་ ། ལ་ལ་གཞན་ལ་མཛེས་མ་ཡིན། ། མཁས་རྨོངས་སྐྱེས་པ་བུད་མེད་སོགས། ། ཀུན་ལ་ མཛེས་པ་རོལ་མོ་ཡིན ”ཞེས་གསུངས་པ་ལྟར་རོལ་མོར་སྐྱེ་བོ་ཀུན་དགའ་བ་དང་མོས་པའི་སེམས་ཁམས་བེད་སྤྱད་ནས་རོལ་མོའི་དབྱངས་དང་ལྷན་གཅིག་དུ་གདངས་དབྱངས་མཛེས་པའི་སྙན་ངག་ཉམས་སུ་མྱོང་ཐུབ། རམ་འདེགས་རོལ་དབྱངས་དེ་ཡང་གྱེར་བྱའི་སྙན་ངག་གི་ནང་དོན་དང་ཉམས་ལ་བསྟུན་དགོས་པ་སྟེ། མི་སྡུག་པའི་ཉམས་ལྟ་བུར་ཅུང་སྐྱོ་ཤས་ཆེ་བའི་རོལ་མོ་གཏོང་བ་སོགས་སྐབས་བསྟུན་གྱི་ཤེས་པར་བྱེད་རྒྱུ་ནི་གལ་ཆེ་ཞིང་། ཡང་སྙན་ངག་གྱེར་འདོན་ཡོད་ཚད་ལ་རོལ་མོའི་རམ་འདེགས་དགོས་པའི་ངེས་པའང་མེད་དོ།།
(དིང་རི་རྫོང་སློབ་འབྲིང་ཁུལ་དང་པོའི་བོད་ཡིག་སློབ་དཔྱོད་ཁང་ཚེ་དབྱང་གིས )