དགེ་རྒན་ལ་ལྡན་དགོས་པའི་ནུས་རྩལ་སྐོར་རགས་ཙམ་གླེང་བ།
ང་ཚོས་ཕྱོགས་ཡོངས་ནས་བྱང་ཚད་སློབ་གསོ་ཁྱབ་གདལ་དུ་བཏང་ནས་རྒྱལ་ཁབ་སྟོབས་འབྱོར་ཡོང་བ་བྱེད་པ་དང་སྤྱི་ཚོགས་ལས་རིགས་ལ་མཁོ་བའི་ཤེས་ལྡན་པའི་བྱང་ཚད་གོང་མཐོར་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན། དམིགས་ཚད་དེ་འདྲ་གྲུབ་པར་ཐོག་མར་དགེ་རྒན་རང་ངོས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་བྱང་ཚད་དང་དེ་བཞིན་རང་དཔེ་གཞན་སྟོན་ཐུབ་པར་འགྱུར་རྒྱུ་ནི་སྨོས་མེད་ཡིན་སྟབས་ཚད་དང་ལྡན་པའི་ཕུལ་བྱུང་དགེ་རྒན་ཞིག་བྱ་རྒྱུ་ནི་དགེ་རྒན་ཡོངས་ཀྱི་མི་ཚེ་ཧྲིལ་པོར་དོན་གཉེར་བྱེད་པའི་འདུན་པའམ་ཕུགས་བསམ་ཞིག་ཡིན་པས་དགེ་རྒན་ལ་སློབ་གསོའི་ལས་ཀར་དགའ་བའི་ལས་བརྩོན་གྱི་བསམ་པ་རྣམ་དག་ཅིག་དགོས་པ་མ་ཟད་ད་དུང་སློབ་གསོ་སློབ་ཁྲིད་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་ཆེས་རྩ་བར་གྱུར་པའི་རྨང་གཞིའི་ཡོན་ཏན་ནམ་བྱང་ཚད་ངེས་གཏན་ཞིག་དགོས་པས་གཤམ་ལ་ཁོ་བོས་དགེ་རྒན་ལ་ལྡན་དགོས་པའི་ནུས་རྩལ་ཁག་གཅིག་རགས་ཙམ་གླེང་བར་འདོད།
གཅིག དགེ་རྒན་ལ་བསླབ་གཞི་དང་འབྲེལ་བའི་བསམ་བློ་ཀུན་སྤྱོད་ལ་གཙིགས་འཛིན་བྱེད་པའི་ནུས་པ་ལྡན་དགོས།
དགེ་རྒན་གྱིས་སློབ་དེབ་ཀྱི་ནང་དོན་དཔྱིས་ཕྱིན་པ་རྟོགས་དགོས་པ་ལས་གཞན་སློབ་དེབ་ཀྱི་ཤེས་བྱ་དང་འབྲེལ་བའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་ཡང་གལ་འགངས་ཆེ་བའི་བྱ་བ་ཞིག་ཏུ་བརྩི་དགོས། དཔེ་ཁྲིད་མི་སྐྱོང་བྱེད་པ་ནི་དེང་རབས་སློབ་གསོའི་དམིགས་ཡུལ་དང་ལས་འགན་ཡིན། སྔོན་ཐོན་གྱི་བསམ་བློའི་གོ་རྟོགས་ལྡན་པ་དང་། ཡ་རབས་ཀྱི་སྤྱོད་བཟང་ལྡན་པའི་སློབ་མ་མང་པོ་སྐྱེད་སྲིང་བྱེད་རྒྱུ་ནི་རིག་གཞུང་ཚན་ཁག་སོ་སོའི་ཐུན་མོང་གི་ལས་འགན་ཡང་ཡིན། ལས་འགན་དེ་ལེགས་འགྲུབ་ཡོང་མིན་གྱི་གནད་ཡང་རིག་གཞུང་ཚན་ཁག་སོ་སོར་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་རྣམས་དང་འབྲེལ་བ་ཆེན་པོ་ཡོད། དེའི་ཕྱིར་རིག་གཞུང་ཚན་ཁག་སོ་སོས་སློབ་ཁྲིད་གནང་སྐབས་དེའི་ཁྱད་ཆོས་དང་འབྲེལ་ཏེ་འཆར་གཞི་ཡོད་པའི་སྒོ་ནས་སློབ་མར་རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྲོལ་བཟང་རྒྱུན་འཛིན། མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་དང་གོང་འཕེལ་གཏོང་བ། དངོས་ཐོག་བདེན་འཚོལ་དང་དོན་དངོས་དང་མཐུན་པའི་བྱ་བ་སྒྲུབ་པ། རྩ་བའི་རྩ་དོན་བཞིན་རྒྱུན་འཁྱོངས་བཅས་བྱེད་པའི་བསམ་བློ་ལྡན་པ་ཞིག་བྱེད་དགོས་ལུགས་བསྟན་དགོས་པ་དང་། དེ་དང་ཕྱོགས་མཚུངས་བྱ་གཞག་དོན་གཉེར་བྱ་རྒྱུའི་ཐད་དགེ་རྒན་རང་གི་སྤྱི་ཚོགས་དང་མི་དམངས་ལ་སྨན་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་བྱ་སྤྱོད་ཐོག་ནས་སློབ་མར་སློབ་གསོ་ཐེབས་ཐུབ་པ་བྱེད་དགོས། དེང་སང་དགེ་རྒན་ཆེས་ཉུང་ཤས་ཀྱིས་འཛིན་གྲྭའི་ནང་སློབ་མར་བསམ་སྤྱོད་ཡག་པོ་དགོས་ལུགས་མང་པོ་ཞིག་གླེང་གི་ཡོད་ཅིང་། དེ་ནི་མ་གཞི་སློབ་མར་སློབ་གསོ་གཏོང་རྒྱུའི་འགན་འཁུར་བ་ཞིག་ཡིན་པ་ནི་བསྙོན་དུ་མེད། འོན་ཀྱང་སློབ་གསོ་གཏོང་བའི་འགན་ནུས་ཐུན་མོང་མ་ཡིན་པ་བསྟན་དགོས་ན། དགེ་རྒན་རང་ཉིད་ཀྱི་སློབ་མར་སློབ་གསོ་གཏོང་བའི་ནང་དོན་ཡང་དག་པ་དེ་དག་གང་ཐུབ་ཅི་ཐུབ་ཀྱིས་སོ་སོའི་བྱ་སྤྱོད་དངོས་ནས་ཀྱང་སློབ་མའི་མིག་ལམ་དུ་མངོན་པར་བྱེད་དགོས། གལ་ཏེ་དེ་ལྟར་བྱེད་ཐུབ་ན་སློབ་གསོའི་ནང་དོན་དེ་དག་ཐེངས་བརྒྱ་ཕྲག་བཤད་པ་ལས་ལྷག་པའི་ནུས་པ་ཐོན་རྒྱུ་གདོན་མི་ཟའོ།
ང་ཚོས་གསལ་ཤེས་ཐུབ་པར་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་ཐབས་ཀྱི་ནུས་པ་ཆེ་ཤོས་ནི་ཀུན་སྤྱོད་ཀྱི་སློབ་གསོའམ་བཟང་པོའི་མིག་དཔེས་ཀུན་སྤྱོད་ཐ་ཤལ་ཡོངས་ཀྱི་ཁ་ལོ་བསྒྱུར་རྒྱུ་དེ་ཡིན། དེ་འདྲ་ཡིན་སྟབས་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོའི་འགན་ནུས་དེ་རང་ཉིད་ཚད་ལྡན་ཡིན་པའི་བྱ་སྤྱོད་དངོས་མཚོན་རྒྱུ་ནི་གལ་ཤིན་ཏུ་ཆེ་བོ་སྙམ། མདོར་ན། དགེ་རྒན་ལ་ཡ་རབས་ཀྱི་ཀུན་སྤྱོད་ལྡན་པ་དང་། གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་ལྡན་པའི་སློབ་མ་ཞིག་སྐྱེད་སྲིང་བྱ་རྒྱུའི་ནུས་པ་ལྡན་དགོས།
གཉིས། དགེ་རྒན་ལ་སློབ་ཁྲིད་བྱ་ཡུལ་གྱི་སློབ་མར་རྒྱུས་ལོན་བྱེད་པའི་ནུས་པ་ལྡན་དགོས།
ཚང་མས་ཤེས་གསལ་ལྟར། སློབ་ཁྲིད་ནི་དགེ་སློབ་ཐུན་མོང་གི་བྱ་འགུལ་ཞིག་ཡིན། སློབ་མ་ནི་ཐུན་མོང་གི་བྱ་འགུལ་འདིའི་གྲུབ་ཆ་གཙོ་བོ་ཡིན་པས་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་རྐང་པ་འཛུགས་སའང་ཡིན། དེའི་ཕྱིར་ཚད་མཐོ་བའི་སྒོ་ནས་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་ལ་སྐུལ་མ་གཏོང་བ་དང་། སློབ་མའི་རྟེན་གཞིའི་ནུས་པ་དང་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་སོགས་ནི་དགེ་རྒན་རྣམ་པས་སློབ་ཁྲིད་གྲ་སྒྲིག་བྱེད་དུས་ཐོག་མར་བསམ་གཞིགས་བྱེད་དགོས་པའི་གནད་དོན་ཡིན།
སློབ་མར་རྒྱུས་ལོན་དང་ཤེས་རྟོགས་བྱེད་ཐུབ་མིན་ནི་སློབ་ཁྲིད་ཀྱི་དམིགས་ཡུལ་དང་སློབ་ཁྲིད་རྒྱས་བསྡུས་ཀྱི་ཚད་སོགས་ལ་འབྲེལ་བ་གལ་ཆེན་ཡོད། མདོར་ན། དགེ་རྒན་ལ་སློབ་མའི་རྨང་གཞིའི་ཤེས་བྱ་དང་ཡོན་ཏན་གྱི་ཆུ་ཚད། བསམ་གཞིགས་གི་ནུས་པ། སློབ་སྦྱོང་གི་རྣམ་འགྱུར་དང་དམིགས་ཡུལ། བྱེད་ཐབས་དང་གོམས་སྲོལ། མཐོང་ཐོས་དང་དགའ་ཕྱོགས་ཡོངས་ལ་རྒྱུས་ལོན་བྱེད་པའི་ནུས་པ་ལྡན་ན་ད་གཟོད་སློབ་ཁྲིད་ཀྱི་དམིགས་འབེན་གསལ་པ་དང་། སློབ་མའི་རྒྱུད་ལ་ཡོན་ཏན་ལེགས་པོ་ཞིག་འབྱོར་ཐུབ་སྙམ།
གསུམ་པ། དགེ་རྒན་གྱིས་ཁྱིམ་སྦྱོང་བཀོད་སྒྲིག་བྱེད་པའི་ཐབས་ལམ་བཟང་པོ་ལྡན་དགོས།
དགེ་རྒན་གྱིས་ཁྱིམ་སྦྱོང་བཀོད་སྒྲིག་བྱེད་སྐབས་སུ་མང་ཉུང་རན་པོ་བྱེད་དགོས། དེ་ཡང་སློབ་ཆུང་སློབ་མ་ཞིག་ལ་མཚོན་ན། ཁོ་ཚོས་ཁྱིམ་སྦྱོང་ནན་འབྲི་དང་། སློབ་སྦྱོང་གི་རྩ་བའི་ཕན་ནུས་དེ་གསལ་པོ་མི་ཤེས་པས་ཁོ་ཚོས་ནམ་ཡིན་ཡང་ཡིད་ལ་འཆར་བཞིན་དྲན་པ་ནི་དགེ་རྒན་མེད་ཤུལ་གྱི་པྲ་ཚག་དང་འདོད་མོས་ལྟར་ཁྱིམ་སྦྱོང་འབྲི་བ་དང་རྩེད་མོ་རྩེ་བ་དེ་ཡིན། གལ་སྲིད་དགེ་རྒན་གྱི་ཁྱིམ་སྦྱོང་བཀོད་སྒྲིག་བྱས་པ་མང་དྲགས་ན་ཁོ་ཚོས་དེ་དག་རེ་རེ་བཞིན་འབྲི་མི་འདོད་ལ་ཉིན་འགྱངས་ལས་བརྩེགས་ཀྱིས་བྲིས་པ་ལས་དེ་འདྲའི་ཞིབ་ཚགས་འབྲི་མི་སྲིད། དེ་ལས་ལྡོག་སྟེ་སློབ་ཚན་གཞན་དག་ལའང་ཤུགས་རྐྱེན་དང་གནོད་འཚེ་ཐེབས་སྲིད་ལ་ཁྱིམ་བདག་གིས་ཀྱང་སྨྲེ་ངག་འདོན་སྲིད། ཐ་ན་དགེ་རྒན་རང་ཉིད་ལའང་ཁྱིམ་སྦྱོང་ཞུས་དག་གི་ཕྱོགས་ནས་ཀྱང་མང་དྲགས་ན་སུན་སྣང་སྐྱེ་ངེས། དེ་བས་དགེ་རྒན་གྱིས་ཁྱིམ་སྦྱོང་བཀོད་སྒྲིག་བྱེད་སྐབས་ཚན་རིག་དང་མཐུན་ཞིང་མང་ཉུང་རན་པའི་སྒོ་ནས་ཉིན་རེ་བཞིན་ཁྱིམ་སྦྱོང་གནད་དུ་འཁེལ་བར་བྱས་ནས་སློབ་མ་རྣམས་ཀྱི་ཁྱིམ་སྦྱོང་བསྒྲུབ་མི་ཚར་བའི་ཁུར་པོ་ཇེ་ཡང་དུ་བཏང་སྟེ་རང་སྐྱ་ཐུབ་པའི་སྒོ་ནས་བསམ་བློ་གཏོང་བ་དང་ཁྱིམ་སྦྱོང་འབྲི་འདོད་པའི་སྤྲོ་སྣང་དེ་རྒྱུན་བསྲིང་བྱེད་ཐུབ། གཞན་ཡང་། དགེ་རྒན་གྱིས་སློབ་མའི་ཁྱིམ་སྦྱོང་ལ་མཐོང་ཆེན་མི་གནང་བར་ཁྱིམ་སྦྱོང་དུས་ཐོག་ཏུ་མི་བསྐུར་བ་དང་། གལ་ཏེ་བསྐུར་དུས་གྲངས་ཚད་མང་པོ་ཞིག་བསྐུར་ན་དེ་བས་ཀྱང་ཕན་པ་ཡོང་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སློབ་མས་བསླབ་ཚན་དེར་མི་དགའ་བ་དང་སུན་སྣང་ཡང་སྐྱེ་སྲིད། དེར་བརྟེན་སྐད་ཡིག་དགེ་རྒན་ལ་ཁྱིམ་སྦྱོང་གི་སྤུས་ཚད་དང་ཡང་སྒོས་སུ་ཡིག་གཟུགས་ཚད་ལྡན་ཡིན་མིན་ལ་གཙིགས་ཆེན་བྱེད་པའི་ནུས་པ་ལྡན་དགོས་པ་མ་ཟད། སློབ་ཚན་གྱི་གནད་ཆེ་བའི་དྲི་བ་རྣམས་སྙིང་བསྡུས་རང་བཞིན་གྱིས་ཁྱིམ་སྦྱོང་བྱེད་དུ་བཅུག་པ་དང་། ཉི་མ་རེ་རེར་ཁྱིམ་སྦྱོང་འོས་འཚམ་རེ་དུས་ལྟར་བཀོད་སྒྲིག་བྱེད་པའི་ནུས་པ་ལྡན་ན་སློབ་མས་བློ་སེམས་གཅིག་སྒྲིལ་གྱིས་སློབ་ཚན་ལ་ཞིབ་ལྟ་བྱས་རྗེས་ནན་ཏན་གྱིས་ཁྱིམ་སྦྱོང་འབྲི་ངེས་ཤིང་། དེ་ལྟར་ནན་ཏན་དང་ཞིབ་ཚགས་ཀྱི་གོམས་སྲོལ་རྒྱུན་འཁྱོངས་བྱས་ན་སློབ་མ་རྣམས་ཀྱི་སྦྱངས་འབྲས་ཡར་ཐོན་ཡོང་རྒྱུར་ཕན་པ་ཤིན་ཏུ་ཆེ།
བཞི་པ། དགེ་རྒན་ལ་རིག་པ་གསར་སྤེལ་གྱི་ནུས་པ་ལྡན་དགོས།
མི་རིགས་སུ་ཞིག་ལའང་ལོ་རྒྱུས་རིང་ལ་འོད་སྟོང་འཕྲོ་བའི་རིག་གནས་ལྡན་ཡོད་རུང་། དུས་རབས་འཕེལ་རྒྱས་ཀྱི་གོམ་བགྲོད་དང་མ་བསྟུན་ན་ནམ་ཞིག་རྗེས་ལུས་སུ་ཐེབས་རྒྱུ་ཉག་ཅིག་ཡིན། སྔ་དུས་སློབ་མར་ཆུ་བུམ་པ་གང་སྦྱིན་དགོས་ན་དགེ་རྒན་ལ་ཆུ་ཟོམ་གང་དགོས་ཞེས་པ་གསུངས་པ་དེའང་རྒྱུན་ཆད་མེད་པར་རིག་པ་གསར་ལེན་གྱི་སྙིགས་དོར་བཅུད་ལེན་གྱི་གསོན་ཤུགས་ལྡན་པ་ཞིག་དགོས་པ་ལས་ནམ་ཡང་འགྱུར་མེད་ཀྱི་ཆུ་རུལ་ཟོམ་གང་ལ་བརྟེན་ན་མི་འགྲིག་པའི་དོན་ཡིན་པས་དགེ་རྒན་གྱི་སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་ཡོངས་སུ་རྗོགས་པ་རྒྱུན་འཛིན་གྱིས་ཁར། རིག་ཚན་གསར་པ་དང་མི་རིགས་གཞན་གྱི་ལེགས་ཆའི་སྙིང་བཅུད་བླངས་ཏེ་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་དང་དེང་རབས་ཀྱི་སྲོག་རྩ་གསར་པ་སྦྱིན་ཏེ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། རང་རེའི་བོད་ལ་མཚོན་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོད་མི་རིགས་རང་ཉིད་ཀྱི་རིག་གནས་འདི་འཕགས་ནོར་ལྟ་བུར་བརྩིས་པའི་རྨང་གཞིའི་ཐོག་རྒྱ་གར་རྒྱ་ནག་བལ་ཡུལ་སོགས་ནས་རིག་གནས་ཀྱི་སྙིང་བཅུད་བླངས་ཏེ་བོད་རང་གི་ལུགས་དང་བསྟུན་ནས་བསྲེགས་བཅད་བརྡར་གསུམ་བྱས་ཏེ་བོད་རིགས་ཀྱི་རིག་གནས་ཐུན་མོང་མ་ཡིན་པ་ཞིག་ཆགས་པར་བྱས་ཡོད། དེ་ན་གློག་རྡུལ་གྱི་དུས་རབས་སུ་སླེབས་ཙ་ན་དགེ་རྒན་གྱིས་མ་མཐར་ཡང་གློག་རྡུལ་རྩིས་རྒྱལ་འཕྲུལ་འཁོར་གྱི་རྨང་གཞིའི་ཤེས་བྱ་དང་བེད་སྤྱོད་གཏོང་སྟངས་ཁོང་དུ་ཆུད་པ་དང་། དེང་རབས་ཅན་གྱི་སློབ་ཆས་ལ་བརྟེན་ནས་སློབ་ཁྲིད་བྱ་ཐུབ་པ་བྱེད་དགོས་ལ། དགེ་རྒན་གྱི་བློ་དེའང་རིག་པ་གསར་སྤེལ་གྱི་གོམ་བགྲོད་ཀྱི་རྗེས་སུ་བསྙེགས་ཐུབ་པའི་བྱང་ཚད་ལྡན་དགོས། དེའང་མཁས་དབང་དོན་གྲུབ་རྒྱལ་གྱིས། ཪྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བམ་པོའི་ལུས་ལ། དུས་དང་མཐུན་པའི་སྲོག་གི་དབང་པོ་མ་ཞུགས་ན། ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད། སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང་། མདུན་བསྐྱོད་ཀྱི་གོམ་པ་ནི་དེ་བས་ཀྱང་ཞེས་དང་། ཚན་རིག་གཞོན་ནུ་མག་པར་ལེན་ན་བསུ་བ་ཇི་ལྟར་བགྱིད། ལག་རྩལ་གྱི་བུ་མོ་བག་མར་བསུ་ན་ཁྱོ་བོ་སུ་ཡི་བྱ་ཞེས་གསུངས་པ་ལ་གོ་རྒྱུ་རླབས་པོ་ཆེ་གང་འདྲ་མི་འདུག་གམ།
ལྔ་པ། དགེ་རྒན་ལ་སློབ་མ་རྣམས་ཚན་རིག་ཤེས་བྱར་དགའ་བ་ཞིག་ཆགས་རྒྱུའི་འགན་སེམས་ལྡན་དགོས།
མི་རྣམས་ཀྱི་རང་བྱུང་ཁམས་ཆེན་པོར་བསྒྱུར་བཀོད་གཏོང་བའི་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་བར་ཚན་རིག་ལག་རྩལ་ནི་འཇིག་རྟེན་རྣམ་པ་གསར་པར་འགྱུར་བར་བྱེད་པའི་སྟོབས་ཤུགས་གཅིག་པུ་དེ་ཡིན་ལ་ཚན་རིག་གི་གལ་ཆེའི་རང་བཞིན་ཐད་དེ་སྔ་བློ་མཐུན་ཏེང་ཞའོ་ཕིང་གིས “ཚན་རིག་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ ”དེ་ཡིན་ཞེས་བསྟན་ཡོད།
འོ་ན་རང་ཅག་དགེ་རྒན་ཚོས་ཇི་ལྟ་བུའི་སྒོ་ནས་མི་རབས་རྗེས་མ་རྣམས་ཚན་རིག་ཤེས་བྱར་དགའ་ལ་ཚན་རིག་ལག་རྩལ་བེད་སྤྱོད་གཏོང་མཁས་པར་བསྒྱུར་དགོས་ཤེ་ན། གནད་དོན་དང་པོའི་ནང “རང་དཔེ་གཞན་སྟོན ”བྱ་རྒྱུའི་སྐོར་གླེང་བ་ལྟར་འདི་རུ་ཡང་ཐོག་མར་དགེ་རྒན་རང་ཉིད་ནས་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་བར་བརྟེན་ནས་ཚན་རིག་ལ་ཡིད་རྟོན་དང་། ཚན་རིག་ཤེས་བྱ་སློབ་སྦྱོང་། ཚན་རིག་ལག་རྩལ་སྦྱོང་བ་བཅས་མིག་དཔེ་བསྟན་ཐུབ་པ་བྱེད་དགོས། སྟབས་བདེ་ས་ནས་བཤད་ན་ནམ་མཁར་ཆུ་འཛིན་དཀྲིགས་པ་དེ་རྒྱ་མཚོའི་རླངས་པ་ལས་བྱུང་བ་དང་སྤྲིན་ནག་གི་ཁྲོད་དུ་འབྲུག་སྒྲ་སྒྲོག་པ་དེ་སྤྲིན་གྱི་བྱེད་ལས་ཡིན་པ་སོགས་རང་ངོས་ནས་རྟོགས་པ་དང་། ད་གཟོད་སློབ་མར་བཤད་དེ་སློབ་མ་ཁག་གཅིག་གི་བསམ་བློར་གནས་པའི་རྨོངས་དད་ཀྱི་ཤོད་རྒྱུན་གཙང་སེལ་བྱེད་དགོས་པ་ལྟ་བུ་དང་། དེ་བཞིན་དུ་དཔེར་ན། སྔོན་ཆད་བོད་ཀྱི་གནམ་རིག་སྐར་རྩིས་ལྟ་བུ་ས་སྤྲའི་ནང་རྩིས་རྒྱུན་རིན་ཕབས་ཏེ་རྩིས་འབྲས་འདོན་པ་དེ་དེང་ཆར་གློག་ཀླད་རྩིས་རྒྱག་ལ་བརྟེན་ནས་ཡུན་ཐུང་རྩིས་འབྲས་གསལ་འདོད་ཐུབ་འདུག་ཅེས་པ། ཡང་ན་རྩིས་འཁོར་དྲ་རྒྱ་ཞེས་པ་འཛམ་གླིང་ལ་ཁེབས་པའི་སྡོམ་དྲ་ཆེན་པོ་དེ་ཡང་སྙིང་གང་འདྲ་ཞིག་ཡིན་པ་རང་དགེ་རྒན་གྱི་རྟོགས་ཐུབ་པ་དང་རྟོགས་པ་དེ་དང་དེ་བཞིན་མ་གསང་དྲང་བདེན་གྱིས་སློབ་མར་བཤད་དེ་ཁོང་ཚོར་ཚན་རིག་ཤེས་བྱ་སྦྱོང་འདོད་པ་དང་། མ་སྦྱང་ན་དུས་རབས་འཕེལ་རྒྱས་ཀྱི་རྗེས་ཟིན་ཐབས་བྲལ་བའི་ངོས་ཤེས་བསྐྱེད་དུ་འཇུག་པའམ་མ་སྐུལ་རང་མོས་ཀྱིས་ཚན་རིག་ཤེས་བྱ་སྦྱོང་མཁན་ཞིག་ཏུ་འགྱུར་བ་བྱ་རྒྱུའི་ལམ་བསྟན་དགོས།
སློབ་མ་ཚན་རིག་ཤེས་བྱར་དགའ་བ་དང་ངེས་པར་དང་ལེན་བྱེད་མཁན་ཞིག་ཏུ་འགྱུར་མིན་གྱི་འགན་ཡོངས་རྫོགས་དགེ་རྒན་གྱིས་འཁུར་དགོས་ཞེས་བཤད་ན་ཐལ་དྲག་པར་སོང་ཡོད། འོན་ཀྱང་ཚད་གཞི་ངེས་ཅན་གྱི་ཐོག་ནས་དགེ་རྒན་གྱིས་འགན་འཁུར་དགོས་པ་དང་། འགན་འཁུར་ནུས་པ་ཐོན་པར་ཡང་དགེ་རྒན་རང་ཉིད་ཚན་རིག་ལ་དགའ་བ་དང་། ཤེས་བྱ་གང་ཙམ་རྟོགས་མཁན་ཞིག་ཏུ་འགྱུར་བ་བྱེད་དགོས། དགེ་རྒན་ལ་སློབ་མ་རྣམས་ཚན་རིག་ཤེས་བྱར་དགའ་བ་ཞིག་ཆགས་རྒྱུའི་འགན་སེམས་ལྡན་མིན་དེ་གཙོ་བོ་དགེ་རྒན་རང་ཉིད་ཀྱི་ཚན་རིག་ཤེས་བྱའི་བྱང་ཚད་ལ་ཐུག་ཡོད་པའི་ངོས་འཛིན་བྱ་དགོས་ཤིང་། ངོས་འཛིན་དེ་འདྲ་ཞིག་བྱུང་ཕྱིན་སློབ་མ་ཚོ་ཡང་རང་ཤུགས་ཀྱིས་ཚན་རིག་ཤེས་བྱར་སྤྲོ་བ་དང་། ཚན་རྩལ་དང་ལེན་བྱེད་མཁན་ཞིག་ཏུ་འགྱུར་ཐུབ་སྙམ།
མདོར་ན། བྱང་ཚད་སློབ་གསོ་ལག་བསྟར་བྱ་ཐུབ་མིན་ནི། མི་རིགས་ཧྲིལ་པོའི་བྱང་ཚད་མཐོ་རུ་གཏོང་ཐུབ་མིན་གྱི་འགག་རྩ་དང་། དགེ་རྒན་གྱི་བྱང་ཚད་མཐོ་དམན་ནི་བྱང་ཚད་སློབ་གསོ་ལག་བསྟར་ཐུབ་མིན་གྱི་འགག་རྩ་ཡིན་པ་ལུང་དང་རིག་པ་བརྒྱ་ཕྲག་གིས་གྲུབ་པས། འདིར་ཁོ་བོར་ངེས་པར་དུ་རང་ཉིད་ནས་གཙོས་པའི་དགེ་རྒན་རྣམས་ཀྱི་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ཏེ་གོང་སྨྲོས་ཀྱིས་དེང་རབས་དགེ་རྒན་ལ་ལྡན་པའི་བྱང་ཚད་དེ་དང་དེ་འདྲ་བ་སོགས་ལ་འབུངས་དགོས་འདུག་ཅེས་སྐད་གསང་ཐོན་པོས་འབོད་སྒྲ་སྒྲོག་རྒྱུ་ཡིན།
(ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་རྒན་ཚེ་ནོར་གྱིས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣