སློབ་གྲྭ་འབྲིང་ཆུང་གི་ད་ཆའི་བསླབ་གཞི་གསར་པའི་ནང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞེ་ཚིག་དང་འཚོ་བའི་ནང་སྤྱོད་གོ་ཆོད་པའི་ཤེས་བྱ་སྣ་ཚོགས་བཀོད་ཡོད་ལ་རྩོམ་ཡིག་ལེགས་པོ་མང་དག་ཅིག་ཀྱང་ངོས་སྦྱོར་བྱས་ཡོད་པ་དག་གིས་སློབ་མའི་བོད་སྐད་ཡིག་གི་བྱང་ཚད་གོང་མཐོར་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ངེས་ལགས། ལྷག་དོན་དུ་བོད་སྐད་ཡིག་འཆད་ཁྲིད་མཁན་གྱི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་གང་ལ་དེ་འཚམས་ཀྱི་སློབ་ཚན་སྤུས་དག་ཅིག་ཚོགས་ཐུབ་མིན་ནི་ཐད་ཀར་སློབ་མའི་བོད་སྐད་ཡིག་གི་བྱང་ཚད་མཐོར་འདེགས་ཐུབ་མིན་གྱི་འགག་རྩར་ཐུག་པས་ཁོ་བོས་རྩོམ་ཡིག་འཆད་ཁྲིད་ཀྱི་ལག་ལེན་ལས་ཐོབ་པའི་དེའི་སྐོར་གྱི་དོ་སྣང་བྱེད་དགོས་པའི་གནད་དོན་འགའ་གླེང་འདོད་པ་སྟེ། གཤམ་གསལ།
གཅིག སློབ་ཁྲིད་ཀྱི་སྔོན་འགྲོའི་བརྗོད་བྱ་ལེགས་འདྲེན་གྱིས་སློབ་མའི་སྦྱོང་སེམས་འཕེལ་ཐུབ་པ་བྱ་རྒྱུ།
སྦྱོང་འདོད་ཀྱི་བསམ་པ་ནི་བྱ་བ་གང་ཞིག་གྲུབ་ཐུབ་མིན་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། གལ་ཏེ་སློབ་མའི་སྦྱོང་འདོད་ཀྱི་བསམ་པར་སྐུལ་སློང་མ་ཐུབ་ན་རྩོམ་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་གྲུབ་ཐབས་བྲལ་བ་ཞིག་རེད། དེས་ན་དགེ་རྒན་གྱིས་སློབ་ཁྲིད་དངོས་མ་བྱས་གོང་འོས་ཤིང་འཚམ་པའི་སྔོན་འགྲོའི་བརྗོད་བྱ་འཆར་བཀོད་བྱས་ན་སློབ་མས་རྩོམ་ཡིག་གང་དེའི་ཤེས་བྱ་སྦྱང་འདོད་ཀྱི་སྤྲོ་སེམས་ཆེས་ཆེར་འཕེལ་ཐུབ་པ་མ་ཟད། སློབ་མའི་བསམ་ཕྱོགས་ཀྱང་རྩོམ་ཡིག་གི་ནང་དོན་ཁྲོད་ཡང་དག་པར་སླེབས་ཐུབ།
སྔོན་འགྲོའི་བརྗོད་བྱ་དེ་རྩོམ་འབྲིའི་རྒྱབ་ལྗོངས་དང་བསམ་བློའི་ནང་དོན་སོགས་ཀྱི་ཐོག་ནས་འཆར་བཀོད་བྱས་ན་ཆོག་ལ་རྩོམ་ཡིག་གང་དེའི་ནང་དོན་དང་འབྲེལ་བ་ཡོད་པའི་གནས་ཚུལ་དྲི་བ་དྲིས་ལན་གྱི་བྱ་ཐབས་ལ་བརྟེན་ནས་འཆར་བཀོད་བྱས་ནའང་འགྲིག མདོར་ན་འཆར་བཀོད་གང་འདྲ་བྱས་ཀྱང་འབྲེལ་ཡོད་ནང་དོན་མི་སེམས་འགུལ་བ་ཞིག་དགོས་ལ་རྩོམ་ཡིག་སློབ་ཁྲིད་དངོས་ནང་ལམ་སྟོན་སྒྲོན་མེ་ལྟ་བུའི་ནུས་པ་ཐོན་པ་ཞིག་དགོས།
གཉིས། དམིགས་ཚད་གཏན་འཁེལ་བྱས་ཏེ་སློབ་ཁྲིད་གཙོ་གནད་དམ་འཛིན་བྱ་དགོས།
སྤྱི་ཚོགས་ཀྱི་བྱ་ལས་ཅི་ཞིག་སྒྲུབ་དགོས་རུང་དེར་སླད་ཕྱིན་མངོན་འགྱུར་ཡོང་ཐུབ་རྒྱུའི་དམིགས་ཚད་དམ་དགོས་པ་རེ་རེ་ཡོད་པ་སྨྲོས་མེད་ལགས་པས་སྔོན་བྱོན་མཁས་པས་བསྟན་བཅོས་ཅི་ཞིག་བརྩམས་རུང་ཐོག་མར་དེ་དག་བརྩམས་དོན་གྱི་དགོས་པ་གསལ་པོར་བསྟན་གྱི་ཡོད་པ་དཔེར་ན། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས “བསྟན་བཅོས་དམ་པར་བསྟན་པའི་ཕྱིར། སྟོན་པས་ཐོག་མར་དགོས་པ་བསྟན། ཡོངས་སུ་རྟོགས་པས་དེ་མཐོང་ན། དཔྱོད་པ་ལ་ཡང་ཅིས་མི་འཇུག ”ཅེས་བསྟན་ཡོད། དེས་ན་སློབ་ཚན་གང་རུང་སློབ་ཁྲིད་བྱེད་པའི་ཁྲོད་དགོས་པ་དང་། དམིགས་ཚད། རེ་བ་བཅས་གསལ་པོ་འདོན་རྒྱུར་སྣང་ཆེན་བྱ་རྒྱུ་གལ་ཆེར་འཛིན་དགོས།
གསུམ། འབྲེལ་ཡོད་ནང་དོན་འཐུས་ཚང་དབྱེ་ཞིབ་ཀྱིས་སློབ་ཚན་གྱི་གཙོ་གནད་ངོས་འཛིན་ཐུབ་པ་བྱ་དགོས།
ལོ་མ་རྒྱས་པའི་ཡལ་འདབ་ཁྲོད་ནས་འདྲེན་བྱེད་དབང་པོའི་ཤེས་སྟོབས་ལ་བརྟེན་ནས་དོན་གྱི་རྡོག་པོའི་འབྲས་བུ་ཪྙེད་པ་བྱ་རྒྱུ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན་པས་གཅིག་ནས་རྩོམ་ཡིག་སློབ་ཁྲིད་ཀྱི་ནང་དོན་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་རྒྱུས་མངའ་ཐུབ་དགོས་པ་སྟེ། སློབ་ཚན་དེའི་རྩོམ་པ་པོ་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས། དུམ་མཚམས་སོ་སོའི་གཙོ་དོན། སྔ་ཕྱིའི་འབྲེལ་བ། དེ་བཞིན་མིང་ཚིག་གསར་པ་དག་གི་དོགས་སློང་གསལ་འགྲེལ་བཅས་བྱས་ཏེ་སློབ་ཚན་ཧྲིལ་པོའི་སྤྱི་ཁོག་གི་རྣམ་པ་སློབ་མའི་ཡིད་དུ་གསལ་པོར་འཆར་ཐུབ་པའི་རྨང་གཞིའི་འོག་རྩོམ་པ་པོའི་རྩོམ་འབྲིའི་བསམ་བློ་གཏོང་ཕྱོགས་ཁ་གསལ་དང་། སློབ་ཚན་ནང་གི་རྒྱུ་འབྲས་ཀྱི་འབྲེལ་བ་ལ་དབྱེ་ཞིབ་བྱས་ཏེ་སློབ་ཚན་གྱི་གཙོ་གནད་མར་གྱི་ནང་ནས་སྤུ་བཏོན་པ་ཇི་བཞིན་དབྱེ་ཞིབ་གསལ་པོ་འབྱེད་དགོས། ཐབས་ཤེས་དེ་ཉིད་ཁོང་དུ་ཆུད་ན་སློབ་མ་ཚོས་རྩོམ་ཡིག་གཞན་ལ་དབྱེ་ཞིབ་བྱེད་པའི་ནུས་པ་གོང་མཐོར་གཏོང་ཐུབ་པ་མ་ཟད། སློབ་མ་རང་ཉིད་ཀྱིས་རྩོམ་འབྲི་བྱེད་སྐབས་རྩོམ་ཡིག་གི་སྒྲིག་གཞི་སྐྱོན་བྲལ་དང་རིག་པ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱ་རྒྱུར་ཕན་ཡོན་ཆེན་པོ་ཐོབ་རྒྱུ་རེད།
བཞི། སྙིང་བཅུད་ཞིབ་ཏུ་མྱོང་ནས་འགག་གནད་དུམ་བུའི་སྙིང་བསྡུས་དམ་དུ་འཛིན་དགོས།
ཡིད་དུ་འོང་བའི་མགུལ་རྒྱན་ནི་རིན་ཆེན་ཕྲེང་རྡོག་རེ་རེ་ལས་སྒྲུབ་པ་ཇི་བཞིན་དོན་གྱིས་སྙིང་པོས་ཕྱུག་པའི་རྩོམ་ཡིག་ཅིག་ཡིན་ཕྱིན་དེ་ནི་རོ་བཅུད་ཀྱིས་ཕྱུག་པའི་ཚིག་དུམ་ཇི་སྙེད་ལས་གྲུབ་པ་ཞིག་ཡིན། དེས་ན་སློབ་ཚན་གྱི་ནང་དོན་ཧྲིལ་པོར་ཤེས་རྟོགས་ལེགས་པོ་ཡོང་དགོས་ན་འགག་གནད་ཀྱི་ཚིག་དུམ་ལ་དཔྱད་ཞིབ་བྱ་རྒྱུ་དེ་ནི་སློབ་ཚན་སློབ་ཁྲིད་ཀྱི་གོ་རིམ་ནང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། འགག་གནད་ཚིག་དུམ་ཁོང་དུ་གསལ་པོར་ཆུད་ན་མིག་གི་དབང་པོ་བཀབ་པའི་རས་ལྷེབ་རེ་རེ་བཞིན་དཀྲོལ་བ་ཇི་བཞིན་སློབ་ཚན་ཧྲིལ་པོའི་ནང་དོན་ཤེས་རྟོགས་ཡོང་རྒྱུར་དགོས་པ་ཆེན་པོ་ལྡན་པས་དགེ་རྒན་གྱིས་དམིགས་ཚད་སྦྱོང་བརྡར་ལ་གཞིགས་ཏེ་སློབ་མར་ཞིབ་ཚགས་གང་ལེགས་ཀྱིས་སློབ་ཚན་ནང་གི་ངོ་མཚར་ཆེ་བའི་ཚིག་དུམ་ལ་དབྱེ་ཞིབ་ཁྲིད་སྟོན་དང་སློབ་མར་ཉན་བཤད་འབྲི་ཀློག་གི་གོ་སྐབས་སྤྲད་དེ་འགག་གནད་ཚིག་དུམ་གྱི་ནང་དོན་འགྲེལ་ཤེས་པ་དང་། ཚིག་དུམ་དེས་དུམ་མཚམས་དང་རྩོམ་ཡིག་ཧྲིལ་པོར་ཐོན་པའི་ནུས་པ། དེ་བཞིན་ཚིག་དུམ་དེས་རྩོམ་པ་པོའི་ལྟ་བ་ཇི་ལྟ་བུ་གསལ་པོར་མངོན་ཡོད་མེད་སོགས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་བྱེད་དགོས།
ལྔ། ཕྱོགས་བསྡུས་འབྲི་སྦྱོང་བྱས་ཏེ་ཤེས་བྱ་ཁག་ལག་ལེན་ནང་དངོས་སྤྱོད་ཐུབ་རྒྱུར་མཐུན་རྐྱེན་སྐྲུན་དགོས།
སློབ་ཚན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་རྗེས་རྩོམ་ཡིག་ཧྲིལ་པོའི་ནང་དོན་གྱི་གྲུབ་ཆ་གཙོ་བོ་ཁག་མུ་ཏིག་སྟར་ལ་ཆགས་པ་ཇི་བཞིན་ཁག་སོ་སོར་གསལ་འདོན་གྱིས་སློབ་མར་རྩོམ་ཡིག་ནང་ནས་སྙིང་བཅུད་བསྡུ་ལེན་བྱེད་པའི་ནུས་རྩལ་སློབ་དགོས་ལ་རྒྱུན་དུ་རྩོམ་ཡིག་འབྲི་སྦྱོང་བྱ་རྒྱུར་དམ་འཛིན་བྱས་ཏེ་རྩོམ་ཡིག་འབྲི་ཀློག་གི་ཁྲོད་ནས་སློབ་མར་ཐ་སྙད་གང་མང་གསོག་འཇོག་བྱེད་དུ་བཅུག་པ་དང་། བརྗོད་པ་རིང་ཙམ་བཟོ་རུ་བཅུག་པ། མྱོང་བ་ཕྲན་བུ་འབྲི་རུ་བཅུག་པ་བཅས་ནས་འགོ་བཙུགས་དགོས།
གོང་གསལ་གྱི་གནད་དོན་དེ་དག་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་གོམ་པ་རིམ་བགྲོད་ཀྱིས་སྤོ་ཐུབ་ན་གཞི་ནས་སློབ་མས་གནས་ཚུལ་ལ་ཤེས་རྟོགས་བྱེད་འདོད་ཀྱི་བློ་སྐྱེ་བ་དང་། གནས་ཚུལ་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ཐུབ་པའི་ནུས་རྩལ་དང་འཇོན་ཐང་གསོ་སྐྱོང་ཐུབ་པ། དེ་བཞིན་ཤེས་བྱ་དང་ཐ་སྙད་གསར་པ་མང་དག་གསོག་འཇོག་དང་བེད་སྤྱོད་བཅས་ཐུབ་ནས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་རྒྱུར་ཕན་ནུས་ཆེན་པོ་ཐོན་ངེས་ལགས། (ལྷ་ས་སློབ་ཆུང་གསུམ་པའི་ཚེ་རིང་གིས )