སྐྱེ་སྟོབས་ཀྱི་དཔལ་འབར་བའི་ད་ཆའི་དུས་རབས་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་དན་རྟགས་ཤིག་ཡིན་ལ་མེས་པོའི་ཁྲག་རྒྱུན་ལས་མཆེད་པའི་འབྲས་བུ་ཞིག་རེད། ལོ་རབས་མི་འདྲ་བ་དང་དུས་རབས་མི་འདྲ་བའི་ནང་སྤྱི་ཚོགས་ཀྱིས་ངེད་ཚོར་བཅོལ་བའི་རེ་བ་དང་འོས་འགན་ཡང་མི་འདྲ། ད་ལྟ་དུས་རབས་ཉེར་གཅིག་པས་ངེད་ཚོར་བཅོལ་བའི་ལས་འགན་ནི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་སྒོ་ཀུན་ནས་བསྐྲུན་རྒྱུ་དེ་ཡིན། དེར་བརྟེན་དཔལ་ཡོན་གཉིས་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཚན་རིག་གི་ཐེམ་སྐས་ལ་བརྟེན་དགོས་པ་ནི་དངོས་པོའི་ཆོས་ཉིད་དང་ཡོངས་སུ་མཐུན་པ་ཞིག་རེད། གལ་ཏེ་ཚན་རིག་གི་ལམ་སྟོན་མེད་ན་རྒྱུན་བསྲིང་གི་འཕེལ་རྒྱས་ཡོང་བ་ནི་ཉིན་མོའི་རྨི་ལམ་བཞིན་ཡིན་ན་སློབ་གསོར་བརྟེན་ནས་མངོན་འགྱུར་བྱ་རྒྱུ་ནི་སྨོས་མེད་ཅིག་ཡིན།
དེ་ཡང་སློབ་གསོ་ནི་ཁྱོན་ཡོངས་ཡར་ཐོན་དང་འཕེལ་རྒྱས་ཀྱི་ཐེམ་སྐས་ལྟ་བུ་ཞིག་ཡིན་པས་ང་ཚོ་མིའི་རིགས་ཀྱིས་གཙིགས་སུ་འཛིན་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ། དེས་ཐོན་པའི་ནུས་པ་ནི་གཞལ་བར་དཀའ་བས་མི་ཞིག་གི་མི་ཚེ་ཧྲིལ་པོའི་ནང་རྫོགས་མཐའ་མེད་པའི་ནུས་པ་སྐྱེད་སྲིང་དང་སྐྱེ་སྟོབས་ཀྱི་བརླན་གཤེར་སྦྱིན་ལ། མི་ཚེའི་རིན་ཐང་ལ་འོད་མདངས་ཤིག་སྤྲས་ངེས་ཡིན། “འོན་ཀྱང་ལྕང་མ་གསོ་བར་ལོ་བཅུ་དང་། མི་སྣ་སྐྱོང་བར་ལོ་བརྒྱ ”ཞེས་པའི་དཔེ་བཞིན་ཐོག་མ་གང་ཡང་མི་ཤེས་པའི་བྱིས་པ་བླུན་རྨོངས་ཅན་ཞིག་ནས་གནས་ལུགས་དང་ཆོས་ཉིད་རྟོགས་པའི་མི་སྣ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡོད། དཔེར་ན་ས་བོན་ཞིག་བཏབ་ནས་འབྲས་བུ་བཏགས་པའི་བར་དུ་ཆུ་ལུད་དྲོད་གཤེར་གྱི་མཐུན་རྐྱེན་མ་ཚང་ན་དེ་ནི་རེ་འདོད་འབྲས་མེད་ཅིག་མ་ཡིན་ནམ། དེ་བཞིན་སློབ་གསོ་འཕེལ་རྒྱས་གཏོང་དགོས་ན་ཕྱོགས་ཀུན་ནས་ཕྱར་བ་གྲུ་འདེགས་བྱ་རྒྱུ་གལ་འགངས་ཆེ་ལ་ལྷག་པར་དུ་ཁྱིམ་ཚང་སློབ་གསོར་སྣང་ཆུང་བྱ་མི་ཉན་པ་དེ་ནི་སློབ་གསོའི་རྩ་བ་ཞིག་ཡིན་པས་དེར་བརྟེན་གུས་མོས་སློབ་ཁྲིད་ཀྱི་ཉམས་མྱོང་ལ་བརྟེན་ནས་ཁྱིམ་ཚང་སློབ་གསོའི་ཐད་ལྟ་ཚུལ་འགའ་གླེང་བར་བྱའོ།
ཕ་མས་རྒྱུན་གཏན་ནས་བུ་ཕྲུག་ལ་སློབ་གསོ་གཏོང་དགོས།
སློབ་གསོའི་ཐབས་ལམ་རྣམ་བཤད་ལས། “རང་གི་བྱིས་པའི་ལུས་ཁམས་བདེ་ཐང་ཡིན་མིན་དང་། ཡ་རབས་དང་མ་རབས་གང་ཞིག་ཏུ་འགྱུར་རྒྱུ་ནི་སྤྱིར་ན་ཁྱིམ་ཚང་གི་སློབ་གསོར་རགས་ལུས་ཡོད་པས་ཁྱིམ་ཚང་གི་སློབ་གསོ་ལེགས་པོ་ཞིག་རྒྱག་རྒྱུ་ནི་རང་ཉིད་ཀྱི་བུ་ཕྲུག་འཇོན་ཐང་ཅན་ཞིག་བྱེད་པའི་ཐབས་ཇུས་ནུས་ལྡན་ཞིག་ཡིན་པ་དེའང་ཁྱིམ་ཚང་སློབ་གསོས་བུ་ཕྲུག་གི་མི་ཚེར་ཁ་ཕྱོགས་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་ཤན་ཤུགས་ཐེབས་པས་ཡིན ”ཅེས་གསུངས་པ་བཞིན་ཁྱིམ་ཚང་སློབ་གསོ་ནི་སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོས་ཚབ་བྱེད་ཐབས་མེད་པའི་ཐུན་མོང་མ་ཡིན་པའི་སློབ་གསོའི་མ་ལག་ཅིག་གམ་རྩ་བ་ལྟ་བུ་ཞིག་ཡིན། 《ཆུ་ཤིང་བསྟན་བཅོས 》ལས “རྩ་བ་བརླན་དང་མ་བྲལ་ན། རྩེ་མོར་ལོ་འབྲས་སྨིན་པར་འགྱུར ”ཞེས་པ་བཞིན་བུ་ཕྲུག་ལ་རྩ་བའམ་གཞི་རྩར་གྱུར་པའི་ཁྱིམ་ཚང་གི་སློབ་གསོ་དེ་ནི་ཆེས་ཤིན་ཏུ་ནས་གལ་འགངས་ཆེ་བ་ཞིག་ཡིན་པར་སེམས། གཞན་ཡང་སློབ་གསོར་དུས་ཚོད་དང་ས་ཁོངས་ཀྱི་བཀག་རྒྱ་མེད་པས་དུས་དང་རྣམ་པ་ཀུན་ཏུ་ཁྱིམ་ཚང་སློབ་གསོ་གཏོང་རྒྱུར་འབད་ན་སླད་ཕྱིན་བུ་ཕྲུག་ས་ཕྱོགས་གང་དུ་ཕྱིན་ཀྱང་དེ་ལས་ཐོན་པའི་བག་ཆགས་ཟབ་མོས་བུ་ཕྲུག་གི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་ཕན་འབྲས་ཆེན་པོ་ཐོན་ཐུབ།
བུ་ཕྲུག་ལ་ཁོར་ཡུག་ལེགས་པོ་ཞིག་གཏོད་དགོས།
སློབ་གསོ་ནི་གཏོང་ཡུལ་དང་། གཏོང་བ་པོ། སློབ་གསོའི་ནང་དོན་བཅས་གསུམ་ལས་གྲུབ་པ་ཞིག་ཡིན། དཔེར་ན་རྨང་གཞིའི་སློབ་གསོའི་ངོས་ནས་བརྗོད་ན་ཁྱིམ་བདག་ནི་སློབ་མའི་ཆེས་ཐོག་མའི་དགེ་རྒན་ཡིན་པ་དང་། བུ་ཕྲུག་ནི་སློབ་མ་ཡིན་པས་དེར་སྣོད་ཀྱི་སྐྱོན་དང་དྲི་མས་མ་འགོས་པ་བྱ་དགོས་ན་ཁྱིམ་བདག་གིས་འགོ་ལེགས་པོ་ཞིག་བརྩམས་དགོས། འོན་ཀྱང་དེ་ལས་ལྡོག་སྟེ་ཁྱིམ་བདག་དང་བུ་ཕྲུག་ཁ་གཏད་དུ་ལངས་ན་རྩ་བ་དང་ཆུ་གཉིས་ཁ་གཏད་དུ་རྒྱུ་བ་བཞིན་དེ་ལ་འབྲས་བུ་གང་ཡང་མི་ཡོང་བ་ངེས། དེ་མིན་བསླབ་གཞིའི་ཁྱབ་ཁོངས་ནི་ཤིན་ཏུ་རྒྱ་ཆེ་ལ་ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཡིན་པས་དང་ཐོག་ཟ་ལུགས་དང་འགྲོ་ལུགས་ནས་འགོ་བརྩམས་ཏེ་འཇིག་རྟེན་ལུགས་ཀྱི་སྤང་བླང་གི་གནས་ལ་ཇི་ལྟར་འཇུག་ཐབས་ཀྱི་ཤེས་རབ་སྐྱེད་སྲིང་བྱ་རྒྱུ་དེ་ཁྱིམ་ཚང་གི་སློབ་གསོ་ནས་འགོ་རྩོམ་དགོས་པ་ཞིག་ཡིན། ལྷག་པར་དུ་བྱིས་པ་ནི་ལད་མོར་ཤིན་ཏུ་ནས་དགའ་བ་ཞིག་ཡིན་པར་བརྟེན་ཁྱིམ་བདག་གི་བྱ་སྤྱོད་དངོས་ལས་བུ་ཕྲུག་ལ་མིག་དཔེ་བཟང་པོ་ཞིག་འདོན་དགོས་པ་ནི་ལྟོགས་པར་ཟས་དང་། འཁྱགས་པར་གོས་ཀྱི་དཔེ་བཞིན་གལ་འགངས་ཤིན་ཏུ་ཆེ།
སློབ་གསོའི་ཐབས་ལམ་ལེགས་པོ་ཞིག་སྤྱོད་དགོས།
འཇིག་རྟེན་འདིའི་མི་རྣམས་ལ་ཁམས་དང་མོས་པ་སྣ་ཚོགས་པ་ཞིག་ཡོད་པས་བུ་ཕྲུག་གི་སེམས་ཁམས་དང་གཤིས་རྒྱུད་སོགས་གང་ས་སྤྱི་ཐད་ནས་བསྟུན་གང་ཐུབ་བྱེད་དགོས། ཁྱིམ་བདག་ལ་ལས་དངོས་པོའི་ཆ་རྐྱེན་ཁོ་ནར་དོ་ཁུར་བྱེད་པ་ལས་སེམས་ཁམས་ཀྱི་སློབ་གསོར་སྣང་ཆུང་བྱེད་ཀྱི་ཡོད། དཔེར་ན་བུ་ཕྲུག་གི་ཟས་གོས་ལ་གཟབ་ནན་བྱེད་པ་ལས་བསླབ་བྱ་རྒྱག་རྒྱུ་མི་འདང་བས་བུ་ཕྲུག་གིས་འཚོ་བའི་ནང་བྱ་སྤྱོད་ངན་པ་ཞིག་སྤེལ་ཚེ་རང་ངོས་ནས་སྐྲུན་དགོས་པའི་གནས་རྣམས་ཆད་ལུས་མེད་པར་སྐྲུན་ཟིན་པས་བུ་ཕྲུག་རང་ངོས་ཀྱི་བསམ་ཤེས་མི་འདང་བ་རེད་སྙམ་ནས་ཡིད་ཐང་ཆད་པའི་རྣམ་འགྱུར་སྟོན་པ་དང་སྐབས་རེ་ཚིག་རྩུབ་དང་གཤེ་གཤེ་སོགས་གཏོང་བས་ན། ཁྱིམ་བདག་དང་བུ་ཕྲུག་དབར་གྱི་འགལ་བ་རྣོ་ངར་ཅན་དུ་འགྱུར་བ་ལས་མཐུན་པའི་ཕྱོགས་སུ་འགྲོ་བ་དབེན། བྱ་སྤྱོད་དེ་རིགས་ལས་བུ་ཕྲུག་གི་སེམས་ཁམས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་ནི་དཀའ་ལས་ཁག་པོ་ཞིག་ཡིན་ལ། དེ་ལས་ལྡོག་སྟེ་ཁོང་ཚོའི་སེམས་ཁམས་ལ་རྨ་ཁ་ཆེན་པོ་ཞིག་བཟོ་ངེས་ལགས། དེར་བརྟེན་བུ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐབས་དང་བསྟུན་ནས་ཕན་ཚུན་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་མང་ཙམ་བྱས་ནས་གནས་ལུགས་གསལ་བཤད་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་བསླབ་བྱ་ཡང་ནས་ཡང་དུ་རྒྱག་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་བུ་ཕྲུག་གི་བློ་སྒོ་འབྱེད་གང་ཐུབ་བྱེད་དགོས། སློབ་གསོ་ནི་ནུ་ཞོ་འཐུང་བའི་གནས་སྐབས་ནས་བཟུང་ལོ་ཡི་འཁོར་བགྲོས་དང་བསྟུན་ནས་གང་ལ་དེ་འཚམས་ཀྱི་སློབ་གསོའི་གོ་རིམ་ཞིག་ངེས་པར་དུ་ཚང་དགོས་པ་ཞིག་ཡིན། འོན་ཀྱང་ཁྱིམ་བདག་ལ་ལས་བུ་ཕྲུག་ལེགས་པོ་ཞིག་ཆགས་པར་དགེ་རྒན་ཁོ་ནར་རགས་ལུས་པ་ཞིག་ཏུ་ངོས་འཛིན་གྱི་ཡོད། དེ་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་ཡིན་པར་སེམས། དཔེར་ན་ས་བོན་དང་ཐོག་འདེབས་སྐབས་དུས་དང་ས་རྒྱུ་སོགས་ལེགས་པོ་ཞིག་དགོས་པ་དང་དེ་ནས་རྐྱེན་སྣ་ཚོགས་པ་རྣམས་འཛོམས་ན་འབྲས་བུ་ལེགས་པོ་བྱུང་བ་ཡིན་པ་ལས་དེ་དག་ནང་ནས་གཅིག་མ་ཚང་ནའང་འབྲས་བུ་ལེགས་པོ་ཞིག་མི་ཡོང་བ་ནི་ཆོས་ཉིད་ཡིན་པ་བཞིན་ཆུང་དུས་ཀྱི་སློབ་གསོ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན།
མདོར་ན་ཁྱིམ་ཚང་གི་སློབ་གསོས་གནས་བབ་གལ་ཆེན་བཟུང་ཡོད་པས་ཁྱིམ་བདག་ཚོས་ཚན་རིག་དང་མཐུན་པའི་ཁྱིམ་ཚང་སློབ་གསོ་རྒྱག་རྒྱུར་སྣང་ཆེན་བྱེད་དགོས་སོ།
(ཀོང་པོ་རྒྱ་མདའ་རྫོང་ཆ་ཚང་སློབ་ཆུང་གི་འུ་ཉིད་ཀྱིས )