སློབ་མ་རྣམས་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་མི་རབས་གསར་པ་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་ཉག་གཅིག་ཡིན་ལ་བསླབ་གཞི་གསར་པའི་ནང་དོན་གཙོ་བོའི་གྲས་ཤིག་ཀྱང་ཡིན་སྟབས་ད་ལྟའི་ཆར་སློབ་གྲྭ་མང་པོ་ཞིག་དང་ལྷག་དོན་དུ་སློབ་འབྲིང་མི་ཉུང་བ་ཞིག་གིས་དེ་སྔའི་རིག་གནས་སློབ་གསོར་མཐོང་ཆེན་བྱེད་པ་ལས་ཀུན་སྤྱོད་སློབ་གསོ་དང་བདེ་ཐང་སློབ་གསོ་སོགས་ལ་སྣང་ཆུང་གིས་སློབ་མ་རྣམས་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བ་བྱ་རྒྱུར་ལྷོད་གཡེང་ཤོར་བའི་སྣང་ཚུལ་ལ་རིམ་བཞིན་འགྱུར་ལྡོག་གཏོང་བའི་རྣམ་པ་བཟང་པོ་ཞིག་ཐོན་བཞིན་ཡོད། འོན་ཀྱང་སློབ་སྲོལ་སྒྱུར་བཅོས་བྱ་རྒྱུ་དེ་ནི་ཕྱོགས་ཡོངས་དང་གཏིང་ཟབ་པོ་སྤེལ་དགོས་པའི་ལས་དོན་ཞིག་ཡིན་སྟབས་སྲོལ་རྒྱུན་གྱི་སློབ་གསོ་གཏོང་ཐབས་ལ་སྒྱུར་བཅོས་མཐར་ཕྱིན་པ་བྱས་ཏེ་ཀུན་སྤྱོད་སློབ་གསོ་དང་། བདེ་ཐང་སློབ་གསོ། ལྷག་པར་དུ་ལུས་རྩལ་སློབ་གསོར་མཐོང་ཆེན་བྱེད་དགོས་པ་མ་ཟད། ཚན་རིག་དང་མཐུན་པའི་ལམ་སྲོལ་ཞིག་ཆགས་པ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་དེ་ཡང་ཞིབ་ཕྲའི་བྱ་ཐབས་འགའ་ཞིག་ལ་བརྟེན་དགོས་པ་ནི།
དང་པོ། དགེ་རྒན་དང་ཁྱིམ་བདག་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
ད་ལྟའི་ཆར་ཁྱིམ་བདག་མང་པོ་ཞིག་གིས་སློབ་མའི་སྦྱངས་འབྲས་ལ་་སྣང་ཆེན་བྱེད་པ་ལས་ཀུན་སྤྱོད་དང་ལུས་སྦྱོང་སོགས་ལ་སྣང་ཆུང་ཤོར་བའི་གནས་ཚུལ་ཡོངས་ཁྱབ་དང་ཚབས་ཆེན་པོ་ཡོད་པ་དེས་སློབ་མའི་འདུ་ཤེས་འཛིན་སྟངས་དང་འབད་འཐབ་ཀྱི་དམིགས་ཡུལ་ཡང་དག་པ་ཞིག་འཛུགས་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་ནས་སློབ་མ་རྣམས་སེམས་ཁམས་ཀྱི་འཁོར་རྒྱ་ཆུང་བ་དང་། དམིགས་ཚད་མཐོ་པོ་མེད་པ། ལྟ་བ་ཕྱོགས་ལྷུང་ཅན་བཅས་སུ་འགྱུར་ནས་སློབ་མའི་འཕྲལ་ཕུགས་གཉིས་ཀར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པས་ཁྱིམ་བདག་གིས་སློབ་མ་སློབ་གྲྭར་འགྲོ་རིང་གི་སྦྱངས་འབྲས་ཁོ་ན་གཙིགས་སུ་མི་འཛིན་པར་སློབ་མ་རྣམས་ཤེས་རིག་ཙམ་མ་ཟད་ཀུན་སྤྱོད་དང་གཟུགས་པོ་སོགས་ཕྱོགས་གང་ཐད་ནས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་དམིགས་ཚད་དུ་བཟུང་ནས་བུ་ཕྲུག་གསོ་སྐྱོང་བྱས་ན་སློབ་མའི་མི་ཚེ་གང་པོར་ཕན་པ་རྒྱུན་ཆད་མེད་པ་ཐོན་རྒྱུ་ཡིན་པ་རེད། དེ་དང་འདྲ་བར་དགེ་རྒན་མང་པོ་ཞིག་གིས་ཀྱང་སློབ་མའི་ཤེས་ཚད་ལ་སྣང་ཆེན་དང་གཟུགས་པོར་སྦྱོང་བརྡར་བྱ་རྒྱུར་སྣང་ཆུང་བྱེད་པའི་མངོན་ཚུལ་ཡོད་སྟབས་ལུས་རྩལ་དགེ་རྒན་ཙམ་དུ་མ་ཟད་སློབ་གྲྭའི་དགེ་རྒན་མི་རེ་ངོ་རེས་སློབ་མ་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བ་བྱ་རྒྱུའི་སློབ་གསོའི་ཁ་ཕྱོགས་དམ་བཟུང་གིས་དེང་རབས་ཀྱི་སློབ་གསོའི་རེ་བ་དང་འཚམས་པ་བྱེད་དགོས། དེ་ལྟར་བྱས་ན་སློབ་མ་རྣམས་ལ་བག་ཆགས་ཟབ་ཤོས་འཇོག་ཐུབ་པའི་དགེ་རྒན་དང་ཁྱིམ་བདག་གི་ཁྲིད་སྟོན་འོག་གཞི་ནས་སློབ་མ་རྣམས་ཀྱི་ལྟ་ཚུལ་དང་གོམས་གཤིས་ལ་རྩ་བའི་འགྱུར་ལྡོག་བྱུང་ནས་ཁོང་ཚོ་དེང་རབས་སྤྱི་ཚོགས་དང་ཡོངས་སུ་མཐུན་པའི་ཤེས་ལྡན་པ་ཞིག་ཏུ་འཚར་ལོངས་བྱུང་ནས་མི་ཚེའི་རིན་ཐང་ཡོངས་སུ་མངོན་ཐུབ་པ་དང་ཚན་རིག་དང་མཐུན་པའི་འཚར་ལོངས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ།
གཉིས་པ། ལུས་རྩལ་སློབ་གསོ་དང་བདེ་ཐང་སློབ་གསོ་ཟུང་འབྲེལ་ཐུབ་པ་བྱེད་དགོས།
ཆུང་དུས་ནས་གཟུགས་པོར་སྦྱོང་བརྡར་བྱེད་པའི་དམིགས་ཡུལ་ནི་གཟུགས་གཞི་བདེ་ཐང་གི་ཆུ་ཚད་གོང་མཐོར་བཏང་ནས་ལུས་པོར་སྲུང་སྐྱོབ་བྱ་རྒྱུ་དང་ནད་འགོག་ནུས་པ་མཐོ་རུ་གཏོང་ཆེད་ཡིན་སྟབས་སློབ་མ་ཚོར་ལུས་སྦྱོང་བྱ་རྒྱུ་དང་བདེ་ཐང་སློབ་གསོ་གཏོང་རྒྱུ་ཟུང་འབྲེལ་བྱ་རྒྱུའི་དགོས་གལ་ཆེན་པོ་ཡོད། སློབ་མ་ཚོས་གཟུགས་གཞིར་སྦྱོང་བརྡར་བྱས་ནས་བདེ་ཐང་འགན་ལེན་བྱ་རྒྱུའི་འདུ་ཤེས་གོང་མཐོར་གཏོང་བར་དང་ཐོག་སློབ་མ་ཚོར་གཟུགས་གཞིར་སྦྱོང་བརྡར་བྱ་རྒྱུ་ནི་སྤྱི་དམངས་ཡོངས་ཀྱི་གཟུགས་གཞིའི་བྱང་ཚད་གོང་མཐོར་གཏོང་བ་དང་། སློབ་མ་རང་ངོས་ཀྱི་ཁྱོན་ཡོངས་ཀྱི་བྱང་ཚད་གོང་མཐོར་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་ཤེས་པ་བྱེད་ཆེད་གནའ་དེང་དུ་བྱུང་བའི་གཟུགས་གཞི་བདེ་ཐང་ཐད་ཀྱི་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། གཟུགས་གཞི་བདེ་ཐང་ཐད་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་ཇུས། སློབ་གྲྭ་འབྲིང་ཆུང་གི་བདེ་ཐང་ཚད་གཞི། ལུས་སྦྱོང་གི་དགེ་མཚན་བཅས་དྲིལ་བསྒྲགས་གང་མང་བྱས་ཏེ་ལུས་སྦྱོང་བྱ་རྒྱུ་དེ་སློབ་མ་ཚོའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱེད་དགོས། དེ་དང་ཕྱོགས་མཚུངས་སློབ་མ་ཚོར་སློབ་གྲྭས་སྒྲིག་འཛུགས་བྱས་པའི་ལུས་རྩལ་སློབ་ཚན་དང་ལུས་རྩལ་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་མ་ཟད། རྒྱུན་གཏན་གྱི་འཚོ་བའི་ནང་དང་སློབ་ཕྱིའི་བྱེད་སྒོ་སོགས་ཀྱི་ནང་ལུས་སྦྱོང་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་བཏང་ནས་ལུས་སྦྱོང་བྱ་རྒྱུ་དེ་སློབ་མ་ཚོའི་རྒྱུན་གཏན་གྱི་བྱ་སྤྱོད་ཅིག་ཏུ་འགྱུར་བའི་གོམས་གཤིས་འཇགས་ཐབས་བྱས་ན་གཞི་ནས་སློབ་མ་ཚོར་ཡུན་རིང་རང་བཞིན་གྱི་ཕན་པ་ཐོན་ཐུབ།
གཞན་ཡང་སློབ་མ་ཚོར་ལུས་སྦྱོང་གི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱེད་པ་དང་སྦྲགས་བདེ་ཐང་དང་འབྲེལ་བའི་འཕྲོད་བསྟེན་ཤེས་བྱ་དང་། ཟས་སྤྱོད་ཤེས་བྱ། ཡང་དག་པའི་འཚོ་བའི་གོམས་གཤིས་བཅས་འཇགས་པ་བྱ་རྒྱུའི་ཁྲིད་སྟོན་བྱས་ན་ཡང་རྩེའི་ཐོག་གི་ཡས་སྒྲོན་གྱི་ནུས་པ་ཐོན་རྒྱུ་རེད། དེའི་ཐད་ད་དུང་ཁྱིམ་བདག་དང་སློབ་གྲྭ སྤྱི་ཚོགས་ཡོངས་བཅས་ཀྱིས་མཉམ་ཤུགས་ཀྱི་ནུས་པ་ཐོན་པ་བྱས་ན་བྱ་གཞག་དེར་དམིགས་ཚད་ལྟར་གྱི་ཕན་འབྲས་ཐོན་ཐུབ།
གསུམ་པ། གང་ལ་གང་འཚམས་ཀྱི་ལུས་རྩལ་རྩེད་ཐབས་གཏོད་དགོས།
ད་ཆ་སློབ་གྲྭ་ཁག་གི་སློབ་མ་མང་པོ་ཞིག་ལུས་རྩལ་སློབ་ཚན་ལ་སྤྲོ་སེམས་མེད་པར་ཁྲལ་སེལ་སླ་བཅོས་བྱེད་པས་རང་འགུལ་ངང་ལུས་རྩལ་སྦྱངས་རྒྱུ་ནི་དེ་བས་སྤྲོས་བྲལ་ཞིག་ཡིན་པ་རེད། དེར་ཉེ་རྒྱུ་དང་གཞན་རྒྱུ་མང་པོ་ཞིག་ཡོད་རུང་གཙོ་བོའི་རྒྱུ་རྐྱེན་ནི་ལུས་རྩལ་གྱི་རྣམ་གྲངས་ཉུང་དྲགས་པས་གྲུབ་ཆ་སྣ་ཚོགས་ལྡན་པའི་སློབ་མའི་དགོས་མཁོ་སྐོང་མི་ཐུབ་པ་དང་ལུས་རྩལ་དགེ་རྒན་གྱིས་གང་ལ་གང་འཚམས་ཀྱི་ཐབས་ཤེས་སྤྱོད་མ་ཤེས་པར་རྒྱུག་པ་ལེབ་རྡུང་གི་ལུས་རྩལ་སློབ་ཚན་སློབ་ཁྲིད་བྱ་ཐབས་དེར་རགས་ལུས་ཡོད། དེའང་གསལ་པོར་བཤད་ན་སློབ་མ་འཚར་ལོངས་བྱུང་སའི་ཁྱིམ་ཚང་དང། འཚོ་བའི་ཁོར་ཡུག ཆ་རྐྱེན་བཟང་ངན་སོགས་ཀྱིས་སློབ་མ་ཚོའི་རང་གཤིས་སམ་ཁམས་དང་མོས་པ་སྣ་ཚོགས་སུ་གྲུབ་ཡོད་སྟབས་ཁོང་ཚོའི་དགོས་མཁོའང་ཧ་ཅང་རྒྱ་ཆེན་པོ་ཡོད་པ་རེད། དེར་བརྟེན་སློབ་གྲྭ་ཁག་དང་ལྷག་དོན་དུ་ལུས་རྩལ་དགེ་རྒན་གྱིས་སློབ་མ་ཕལ་ཆེ་བའི་དགོས་མཁོ་སྐོང་ཐབས་བྱ་རྒྱུ་དམིགས་ཡུལ་དུ་འཛིན་ནས་ལུས་སྦྱོང་དང་སྤོ་ལོ་ཁོ་ན་རྒྱག་པ་སོགས་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཁ་ཤས་ནས་ཡོངས་སུ་སྒྲོལ་ཐབས་ཀྱི་དེང་རབས་ཀྱི་ལུས་རྩལ་རྩེད་ཆས་སྣ་ཚོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་སློབ་མ་བུའམ་བུ་མོ། ཕྱི་ནང་གང་རུང་ཤས་ཆེ་བའི་རང་གཤིས་ལྡན་པའི་སློབ་མ། དེ་བཞིན་ལུས་ཟུངས་ཞན་པ་དང་ཐ་ན་དབང་པོ་སྐྱོན་ཅན་དང་འཚམས་པའི་ལུས་རྩལ་རྣམ་གྲངས་གཏོད་ན་འཛིན་གྲྭ་ཡོངས་ཀྱི་སློབ་མའི་ལུས་རྩལ་གྱི་སྤྲོ་སྣང་སྐྱེད་སྲིང་ཐུབ་ནས་ལུས་རྩལ་དགེ་རྒན་གྱི་འོས་འགན་ལེགས་སྒྲུབ་ཐུབ་ལ་གཟུགས་གཞི་ཐང་བ་དང་མཐར་གཏུག་སློབ་མ་རྣམས་ལུས་རྩལ་སློབ་ཚན་ལ་དགའ་བ་དང་བློ་བག་ཡངས་པོ་བཅས་ཆགས་ནས་ཁོང་ཚོ་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བ་བྱེད་པའི་དམིགས་ཡུལ་སྒྲུབ་ཐུབ་ངེས་ཡིན་པས་སློབ་གྲྭ་དང་དགེ་རྒན་གྱིས་དམིགས་ཚད་དེ་འདྲ་ཞིག་སྒྲུབ་ཐུབ་ཆེད་མཐུན་རྐྱེན་དང་ཁོར་ཡུག་ཧུར་ཐག་གཏོད་དགོས།
སློབ་མ་རྣམས་ཕྱོཌ་ཡོངས་ནས་འཚར་ལོངས་ཡོང་བ་བྱ་རྒྱུ་དང་ལྷག་དོན་དུ་གཟུཌ་གཞི་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུའི་འགན་ལེན་བྱ་རྒྱུ་ནི་མདོར་ན་ཁྱིམ་བདག་དང་སློབ་གྲྭ སྤྱི་ཚོགས་ཡོངས་བཅས་ཀྱི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པས་དེའི་ཐད་འབད་པ་ཧུར་ལེན་བྱེད་དགོས།
(གཞིས་རྩེ་ས་ཁུལ་ངམ་རིང་རྫོང་སློབ་འབྲིང་གི་སྒྲོལ་དཀར་གྱིས )