དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་སྤྱིས་ཇི་ལྟར་བྱས་ནས་སློབ་ཚན་ཉན་འཇོག་བྱེད་དགོས་པའི་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-08

        དེང་དུས་སློབ་གསོའི་ནང་སློབ་སྤྱིས་ཕྱོགས་གཉིས་ནས་རང་ཉིད་ཀྱི་ལས་འགན་ལེགས་སྒྲུབ་བྱ་དགོས་པ་སྟེ་གཅིག་ནས་སློབ་གྲྭ་ཞིག་གི་སྒྲིག་འཛུགས་དགོས་པ་དེ་ཡིན་པ་དང་ཕྱོགས་གཞན་ཞིག་ནས་སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ཀྱི་སྣེ་ཁྲིད་པ་ཞིག་བྱ་དགོས་པས་དེར་བརྟེན་སློབ་སྤྱི་ཞིག་གིས་ཕྱོགས་དེ་གཉིས་ཀྱི་ལས་འགན་དེ་སྔོན་ཐོན་གྱི་ལེགས་སྒྲུབ་བྱ་དགོས་ན་སྔོན་ལ་ངེས་པར་དུ་སློབ་གསོ་སློབ་ཁྲིད་ཀྱི་ལས་ཡུལ་དངོས་ནང་ཞུགས་དགོས་པ་སྟེ་དེ་ཡང་རང་ཉིད་ཀྱིས་་སློབ་གསོ་སློབ་ཁྲིད་བྱེད་དགོས་པ་ཕུད་དགེ་རྒན་གཞན་གྱི་བསླབ་ཁྲིད་ཉན་འཇོག་བྱེད་དགོས་པས་ཁོ་བོས་དེའི་ཐད་ཅུང་ཟད་གླེང་རྒྱུ་ཡིན།

        དང་པོ། སློབ་ཁྲིད་ཉན་པའི་གྲངས་ཚད་ཚད་མཐུན་དང་ཚན་པ་ཆ་ཚང་ཡོད་དགོས་པའི་སྐོར།

        སློབ་གསོ་རིག་པ་མཁས་ཅན་ཞིག་གི་གསུངས་དོན “སློབ་སྤྱི་ནི་ཚད་མཐོའི་གནས་ཚད་བཟུང་སྟེ་དགེ་རྒན་གཞན་ལ་བཀའ་རྒྱ་གཏོང་རྐྱང་བྱེད་མཁན་ཞིག་མ་ཡིན་པར་དུས་རྒྱུན་ནས་སློབ་ཁྲིད་ནང་ཞུགས་ཏེ་དགེ་རྒན་གཞན་གྱི་སློབ་ཁྲིད་ཀྱི་དོན་དངོས་གནད་དོན་ཇི་ལྟར་ཡིན་མིན་ངེས་པར་དུ་ཤེས་རྟོགས་ཐུབ་པ་བྱེད་དགོས་ཤིང་དེ་ལྟར་བྱས་ན་སློབ་ཁྲིད་ཉན་པའི་ལས་ཡུལ་དངོས་ནང་རྒྱུ་ཆ་མང་དག་ཅིག་ཐོབ་སྲིད། དེར་བརྟེན་སློབ་གཞི་སྒྱུར་བཅོས་ནང་དུའང་མཛུབ་སྟོན་རང་བཞིན་གྱི་དགོངས་འཆར་བཏོན་ཆོག ”ཅེས་པ་ལྟར་སློབ་སྤྱིས་སློབ་ཚན་ཉན་པ་ནི་དོན་དངོས་ཐོག་བརྟག་དཔྱད་དང་ཞིབ་འཇུག་བྱས་པ་ཞིག་ཡིན་ལ་དེ་ནི་དགེ་རྒན་གྱི་སློབ་ཁྲིད་གནད་དོན་ལ་བརྟག་དཔྱད་དང་སློབ་ཁྲིད་ཐབས་ཤེས་སྒྱུར་བཅོས་ལ་ཞིབ་འཇུག་བྱས་པ་ཞིག་རང་ཡིན་སྙམ། ཡིན་ནའང་སློབ་སྤྱིས་སློབ་ཁྲིད་ཉན་འཇོག་བྱེད་པའི་བརྒྱུད་རིམ་ནང་ཉན་འཇོག་བྱེད་མང་ན་ལེགས་པ་ཞིག་ཀྱང་མ་ཡིན་ཏེ། གང་ལྟར་མིའི་སེམས་ནུས་ཚད་ཡོད་ཅིག་ཡིན་པས་སློབ་སྤྱིས་སློབ་ཚན་ཉན་འཇོག་བྱེད་པ་ཕུད། ད་དུང་ལས་དོན་མང་པོ་ཞིག་ཐག་གཅོད་བྱེད་དགོས།

        སྤྱིར་སློབ་སྤྱིས་གཟའ་འཁོར་གཅིག་ནང་ཉུང་ཤོས་ལ་ཚོགས་ཐུན་གཉིས་ཀྱི་སློབ་ཚན་ཉན་དགོས་དེ་ལྟར་རྩིས་ན་སློབ་དུས་གཅིག་ནང་ཉུང་ཤོས་ལ་ཚོགས་ཐུན་བཞི་བཅུ་ཉན་ཐུབ། གལ་སྲིད་ཉན་རྒྱུ་ཉུང་དྲགས་ན་ཁྱོན་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་མི་ཐུབ། དེ་དང་ཕྱོགས་མཚུངས་ཚན་པ་ཁྱོན་ཡོངས་ལ་དོ་སྣང་བྱེད་དགོས་པ་ལས། རང་གི་ཆེད་ལས་ཚན་པའི་བསླབ་ཁྲིད་ཁོ་ན་ཉན་འཇོག་བྱ་རྒྱུ་མེད།

        གཉིས་པ། སློབ་ཁྲིད་ཉན་པའི་རྣམ་འགྱུར་གསལ་པོ་ཡོད་དགོས་པའི་སྐོར།

        སློབ་སྤྱི་ནི་སློབ་གྲྭ་སྤྱིའི་འགན་འཁུར་བ་ཞིག་ཡིན་པས་སློབ་ཁྲིད་མ་ཉན་གོང་གལ་སྲིད་གཟབ་ནན་མ་བྱས་ན་མི་གཞན་ལ་ལྷག་བསམ་རྣམ་དག་མ་ཡིན་པའི་རྣམ་འགྱུར་ཞིག་ཐོན་སླ་བས་དེར་བརྟེན་སློབ་སྤྱིས་སློབ་ཚན་ཉན་འཇོག་མ་བྱས་གོང་ངེས་པར་དུ་རང་ཉིད་ཀྱི་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་དགོས་ཏེ་སློབ་ཁང་ནང་འཛུལ་རྗེས་རང་ཉིད་ནི་སློབ་སྤྱི་ཞིག་ཡིན་མ་སྙམ་པར་འཛིན་གྲྭ་དེའི་ནང་གི་སློབ་ཕྲུག་གི་ཞབས་འདེགས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་དགོས་ཤིང་སློབ་ཁྲིད་ཉན་པའི་སྐབས་སུ་དུས་ཐོག་ཏུ་སློབ་ཁང་ནང་འཛུལ་བ་དང་སློབ་ཕྲུག་དང་མཉམ་དུ་དགེ་རྒན་ལ་འཚམས་འདྲི་ཞུ་བ། ཉན་པའི་དུས་རིམ་ནང་དགེ་རྒན་གྱིས་སློབ་ཁྲིད་ཇི་ལྟར་བྱས་རུང་དགེ་རྒན་གྱི་སེམས་རྣལ་དུ་ཕབ་པའི་ཆེད་དུ་མགོ་ནས་མཇུག་བར་ངེས་པར་དུ་གཟབ་ནན་གྱིས་ཉན་ཏེ་དགེ་རྒན་གྱི་སྣང་བར་སློབ་སྤྱིས་མཐོང་ཆེན་བྱེད་པའི་རྣམ་འགྱུར་མངོན་པར་བྱ་དགོས། དེ་བཞིན་སློབ་ཚན་ཉན་དུས་ནན་ཏན་ངང་ཟིན་བྲིས་རྒྱག་དགོས་པ་མ་ཟད་ སློབ་ཚན་གྱི་དཀྱིལ་དུ་སློབ་ཁང་ནས་ཁ་བྲལ་བ་དང་། ཁ་པར་རྒྱག་ལེན་བྱས་པ་སོགས་བྱས་ན་མི་འཚམས་པས་ངེས་པར་དུ་སྒྲིག་ཁྲིམས་སྲུང་ནས་སློབ་ཁྲིད་ལེགས་པར་ཉན་པ་དང་། ཉན་གོ་ཆོད་པོ་ཡོང་བ་བྱེད་དགོས་ཀྱི་རེད།

        གསུམ་པ། གཞུང་དྲང་གིས་སློབ་ཁྲིད་ལ་དཔྱད་འཇོག་བྱེད་དགོས་པའི་སྐོར།

        སློབ་སྤྱིས་སློབ་ཁྲིད་ཉན་རྗེས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་སྡོད་རྒྱུ་མེད་ཅིང་། དེ་ལྟར་བྱས་ན་དགེ་རྒན་གྱི་སེམས་ཁམས་སུ་བརྗོད་དཀའ་ལ་བཟོད་མི་བདེ་བའི་དོགས་པ་ཞིག་ཡོང་གི་ཡོད་པས་དེར་བརྟེན་སློབ་སྤྱིས་སློབ་ཁྲིད་ཉན་རྗེས་དུས་ཚོད་ངེས་གཏན་ནང་སློབ་ཁྲིད་དགེ་རྒན་དེ་བཙལ་ནས་བསམ་འཆར་འདོན་རེས་བྱེད་དགོས་ལ་སློབ་ཁྲིད་ལ་དཔྱད་འཇོག་བྱེད་སྐབས་ངེས་པར་དུ་གནད་བསྡུས་རྡོག་སྒྲིལ་དང་བསམ་འཆར་འབུར་ཐོན་ཡོད་པ་བྱ་དགོས་པ་དང་དགེ་རྒན་གཞན་དང་ཕན་ཚུན་གྲོས་བསྡུར་བྱེད་སྐབས་ལྷག་བསམ་རྣམ་དག་དང་། འདྲ་མཉམ་དཔྱད་བསྡུར་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སློབ་ཁྲིད་པའི་བསམ་ཚུལ་ནན་ཏན་གྱིས་ཉན་འཇོག་བྱ་དགོས།

        སློབ་སྤྱིས་སློབ་ཁྲིད་པའི་ལས་དོན་དེ་གཙོ་བོའི་གནད་དོན་ཞིག་ལ་བརྩིས་ཏེ་“དགེ་རྒན་ཁྲོད་ནས་ཡོང་སྟེ་དགེ་རྒན་ཁྲོད་དུ་བསྐྱོད་”ཅེས་པའི་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་བྱས་ན་དགེ་རྒན་གྱི་ཆུ་ཚད་དང་སློབ་ཁྲིད་ནུས་རྩལ་གོང་མཐོར་འགྲོ་རྒྱུར་ཕན་འབྲས་ཆེན་པོ་ཐོན་ཐུབ།

        (ལྷོ་ཁ་གོང་དཀར་རྫོང་སྐྱིད་ནག་ལྟེ་བའི་སློབ་ཆུང་གི་ཚེ་རིང་ལྷུན་གྲུབ་ཀྱིས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།