འཛམ་གླིང་མི་རིགས་སོ་སོས་རང་གི་ཐུན་མོང་མ་ཡིན་པའི་སྒྲ་དོན་གཞི་གཅིག་གི་སྐད་ཆ་གསར་གཏོད་བྱས་པ་དེ་བཞིན་དུ་ང་ཚོ་བོད་རིགས་ལ་མཚོན་ནའང་དུས་ཡུན་རིང་པོ་ཞིག་གི་ལོ་ཟླའི་བརྒྱུད་རིམ་ཁྲོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་ནང་སེམས་ཀྱི་འགྱུར་བ་དེ་མཚོན་ཐུབ་པའི་བོད་སྐད་བྱུང་ཞིང་། དེ་རྗེས་རིམ་བཞིན་སྐད་མཚོན་ཐུབ་པའི་ཡི་གེའང་བྱུང་། དེས་ན་རང་མི་རིགས་ཀྱི་སྐད་ཡིག་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱིས་མི་རབས་རྗེས་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་དོན་གནད་གལ་ཆེ་བ་ཞིག་ཏུ་གྱུར་ཡོད་པས་འདིར་ཁོ་མོས་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་རྒྱུའི་སྐོར་ཅུང་ཟད་འཆད་པར་བྱ།
དང་པོ། འབྲི་ཀློག་འཆད་ཉན་གྱི་ནུས་པ་སྐྱེད་བསྲིང་བྱས་ནས་སློབ་མའི་སྐད་ཡིག་གི་ཆུ་ཚད་མཐོ་རུ་གཏོང་ཐབས་བྱ་རྒྱུ།
སྐད་ཡིག་ལེགས་པོ་ཞིག་ཤེས་ཐུབ་པ་བྱེད་དགོས་ན་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པ་བྱ་རྒྱུ་སྟེ། དེས་ན་དམའ་འབྲིང་སློབ་མ་ཞིག་ལ་ལྟ་ཀློག་གི་གོམས་གཤིས་དང་། རིག་གནས་གསོག་འཇོག་གི་གོམས་གཤིས། གཏམ་བཤད་ལྷུག་པོར་བརྗོད་ཐུབ་པའི་གོམས་གཤིས། ཡིག་གཟུགས་ལེགས་པོ་འབྲི་ཐུབ་པ་སོགས་ཀྱི་གོམས་གཤིས་འཇགས་ཐུབ་པ་བྱེད་དགོས། གོམས་གཤིས་དེ་དག་འཇགས་པར་ཆེས་རྩ་བའི་རྨང་གཞི་ནི་འབྲི་ཀློག་འཆད་ཉན་བཞིར་བྱང་གོམས་བྱེད་རྒྱུ་དེ་ཡིན། དེ་ཡང་ཞིབ་པར་བརྗོད་ན་འབྲི་ཞེས་པ་སློབ་འབྲིང་སློབ་མར་མཚོན་ན་ཡི་གེའི་གཟུགས་དབྱིབས་འབྲི་སྤྱོད་བྱ་རྒྱུ་དེ་ཡིན། དམའ་འབྲིང་སློབ་མས་སློབ་ཆུང་སྐབས་ཚུགས་ཡིག་ལེགས་པོ་ཞིག་འབྲི་ཐུབ་པའི་རྨང་གཞིའི་སྟེང་ཚད་དང་མཐུན་པའི་འཁྱུག་མ་ཚུགས་ཀྱི་སུག་འབྲི་ཅུང་ལེགས་པོ་ཞིག་འབྲི་ཐུབ་རྒྱུར་བརྩོན་ལེན་བྱེད་དགོས། དེ་ནས་ཡིག་གཟུགས་ལེགས་པོ་ཞིག་འབྲི་ཐུབ་པའི་རྨང་གཞིའི་ཐོག་ཡི་གེའི་དག་ཆར་གཟབ་དགོས་པའི་སྐུལ་མ་བྱེད་དགོས་
ཀློག་ཞེས་པ་ནི་ཆེས་རྩ་བའི་རྨང་གཞིའི་ཡིན་ཏེ་སློབ་དཔོན་ཐོན་མིས་“སློབ་ལ་བརྩོན་པའི་གང་ཟག་གིས། ཐོག་མར་ང་རོ་རྣམས་ལ་སྦྱོངས ”ཞེས་གསུངས་པ་ལྟར་ཀློག་པའི་སྒྲ་མ་དག་ན་ཡི་གེའི་དག་ཆ་ཟིན་དཀའ་ཞིང་ཡིག་ནོར་མང་པོ་ཐོན་སྲིད། དེར་བརྟེན་རང་མི་རིགས་ཀྱི་སྐད་ཡིག་གི་ཁྱད་ཆོས་རྩ་བའི་དབྱངས་གསལ་གྱི་དབྱེ་བ་དང་། སྔོན་རྗེས་ཡང་གསུམ་། མགོ་འདོགས་བརྩེགས་གསུམ་བཅས་ཀྱི་སྦྱོར་བ་ལས་དོན་གྱི་འགྱུར་བ་འབྱུང་སྲིད་པས་སྒྲ་སྦྱོར་གྱི་ཡི་གེ་འདི་སློབ་ཆུང་སྐབས་སྒྲ་དག་པའི་སྦྱོར་ཀློག་བྱེད་རྒྱུ་ནས་བཙུགས་ཏེ་ཀློག་རྩལ་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་དམའ་འབྲིང་གི་གནས་སྐབས་སུ་ཡང་མུ་མཐུད་སྦྱོར་ཀློག་དང་། ངག་ཀློག ཁེར་ཀློག་སོགས་ཀྱི་ཀློག་སྟངས་སྦྱོང་དགོས་པ་ནི་དགོས་གལ་ཆེ་བར་སེམས། འཆད་ཅེས་པ་ནི་སློབ་མའི་གཏམ་བཤད་ཀྱི་ནུས་པ་སྐྱེད་བསྲིང་བྱ་རྒྱུ་དེ་ཡིན། དམའ་འབྲིང་སློབ་མར་དགེ་རྒན་གྱིས་བསམ་ཕོད་པ་དང་། ཤོད་ཕོད་པའི་བློ་སྟོབས་ལ་སྐུལ་མ་བྱ་དགོས་ཏེ་སྒྲ་དག་ཅིང་ཚིག་གསལ་བ། སྔ་ཕྱི་འབྲེལ་ཆགས་པ། གོ་རིམ་མ་འཛོལ་བ། བསྐྱར་ཟློས་མེད་པའི་གཏམ་བཤད་སྤེལ་ཐུབ་པའི་ནུས་པ་འདོན་སྤེལ་ཆེད་སློབ་མ་རྣམས་མང་ཙམ་ཤོད་དུ་བཅུག་པ་དང་གཏམ་གླེང་ཐུང་ངུ་དང་། སྒྲུང་གཏམ་ཐུང་ངུ་། མྱོང་ཚོར་ཕྲན་བུ་སོགས་ཕན་ཚུན་གླེང་མོལ་བྱ་བའི་འགྲན་བསྡུར་བྱེད་སྒོ་སྤེལ་བ་སོགས་ཀྱི་ཐབས་ལམ་སྤྱད་དགོས། ཉན་ཞེས་པ་ནི་སློབ་ཚན་ཉན་རྒྱུ་དེ་ཡིན་ཞིང་། དེ་ཡང་སློབ་མའི་མ་མཐའི་སློབ་སྦྱོང་གི་ལམ་བུ་ཞིག་ཡིན། སློབ་མར་སེམས་ནང་གི་ཪྙོག་འཛིང་ངམ་ཟང་ཟིང་གི་གནས་ཚུལ་མཐའ་དག་དོར་ནས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་དགོས་པར་སྐུལ་དགོས། དགེ་རྒན་རང་ངོས་ནས་དགོད་བྲོ་བའི་མཚར་གཏམ་རེ་གཉིས་སམ་འབྲེལ་ཡོད་ཀྱི་གཏམ་རྒྱུད་ཐུང་ངུ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་བཅུག་ཚེ་སློབ་མའི་ཉན་འདོད་ཀྱི་སྤྲོ་བ་འཕེལ་སྲིད་ལ་སྐད་ཡིག་སྦྱོང་འདོད་ཀྱི་སྤྲོ་སྣང་ཡང་སྟེར་ཐུབ།
གཉིས་པ། སློབ་མའི་བསམ་གཞིག་གི་སྒོ་མོ་ཡངས་པོར་ཕྱེ་ནས་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་རྒྱུ།
སློབ་སྦྱོང་བྱེད་ཐབས་མང་པོ་ཞིག་ཐོག་མར་ལད་མོ་དང་མངོན་སུམ་གྱི་མྱོང་བ་ནས་འགོ་འཛུགས་པ་གང་ཞིག་སློབ་མའི་ལོ་ནའི་ཁྱད་ཆོས་དང་སློབ་རིམ་འཕར་བ་དང་སྦྲགས་འགྱུར་བ་འགྲོ་བཞིན་ཡོད་པས་དམའ་འབྲིང་སྐབས་ལད་མོ་དང་མངོན་སུམ་གྱི་མྱོང་བའི་ཚད་གཞི་དེ་རང་དུ་མ་བསྡད་པར་ཐབས་ལམ་གང་ཡོད་ཀྱིས་གསར་གཏོད་དང་རྗེས་དཔག་གི་ཕྱོགས་ལ་ཁྲིད་སྟོན་བྱ་རྒྱུ་གལ་ཆེ་བས་ཐོག་མར་དམངས་གཙོའི་འདུ་ཤེས་དུ་བསྒྱུར་ནས་སློབ་མ་ཕན་ཚུན་དང་དགེ་སློབ་ཕན་ཚུན་དབར་བགྲོ་གླེང་དང་དཔྱད་བསྡུར་བྱེད་པའམ་སློབ་མ་རང་ཉིད་ཀྱི་ལྟ་ཚུལ་ལྷུག་པོར་བརྗོད་པར་སྐུལ་འདེད་གཏོང་དགོས་ལ་སློབ་ཁྲིད་ཀྱི་བྱ་འགུལ་ཁྲོད་ན་དགེ་རྒན་གྱིས་སློབ་མ་ཚོར་བསམ་གཞིག་གི་གར་སྟེགས་མང་ཙམ་ཞིག་བསྐྲུན་ཏེ་སློབ་མ་ཚོས་དཔེ་དེབ་ཁྲོད་ཀྱི་བསམ་བློའི་ནང་དོན་དང་དེའི་སྒྱུ་རྩལ་ཁྱད་ཆོས་སོགས་ཀྱི་སྙིང་བཅུད་བསྡུ་ལེན་བྱེད་ཐུབ་པ་དགོས། ང་ཚོས་དགེ་རྒན “འཁྲབ་སྟོན་པ་”དང་སློབ་མ་“ལྟད་མོ་བའི་”རྣམ་པ་སྒྱུར་བཅོས་བྱས་ནས་སློབ་ཁང་དེ་སློབ་མའི་བསམ་བློའི་འདུ་ཤེས་དང་། བརྩེ་བ། བློ་སྟོབས་སོགས་སློབ་མའི་རང་གཤིས་གསོ་སྐྱོང་གི་གར་སྟེགས་ཤིག་ཏུ་འགྱུར་བ་བྱེད་དགོས། དེ་ལྟར་སློབ་མའི་བསམ་གཞིག་གི་སྒོ་མོ་ཡངས་པར་ཕྱེ་ཚེ་བོད་སྐད་ཡིག་གི་ཤེས་བྱ་དག་བདེ་བླག་ཏུ་རྟོགས་པར་ཆ་རྐྱེན་བསྐྲུན་ཐུབ།
གསུམ་པ། རང་འགུལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་དགོས།
སློབ་གྲྭའི་ནང་ཤེས་བྱ་སྦྱོང་བའི་དུས་ཚོད་ལ་ཚད་ཡོད་ཅིང་སྤྱི་ཚོགས་ལ་མཁོ་བའི་ཤེས་བྱ་ནི་ཚད་མེད་པས་རང་འགུལ་གྱིས་རང་སྦྱོང་བྱེད་ཤེས་པ་བྱ་རྒྱུ་ནི་གལ་ཆེ། དེའི་ཕྱིར་སློབ་ཚན་གྱི་ཤེས་བྱ་བརྒྱུད་སྤྲོད་བྱ་རྒྱུ་ཁོ་ནར་མཐོང་ཆེན་བྱེད་པའི་ཕྱོགས་ལྷུང་ལ་འགྱུར་བ་བཏང་སྟེ་ཧུར་བརྩོན་དང་རང་འགུལ་ངང་སློབ་སྦྱོང་བྱེད་པའི་གོམས་གཤིས་འཇགས་པ་བྱས་ཐོག་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་ནུས་རྩལ་གཉིས་ཁོང་དུ་ཆུད་པ་དང་དུས་མཚུངས་སློབ་མ་རྣམས་སློབ་སྦྱོང་བྱེད་མཁན་གྱི་བདག་པོར་འགྱུར་བ་བྱས་ཏེ་སློབ་མས་རང་འགུལ་གྱིས་ཚན་རིག་གི་ཆོས་ཉིད་ལ་བརྩི་སྲུང་ཐོག་རང་གིས་དམིགས་ཚད་བཟོ་བ། རང་གིས་སྙོམས་སྒྲིག་བྱེད་པ། རང་གིས་རང་གཅུན་པ། རང་གིས་རང་ལ་སྐུལ་མ་གཏོང་བའི་གོམས་གཤིས་འཇགས་པར་མཛུབ་ཁྲིད་བྱེད་དགོས།
བཞི་པ། སློབ་ཁང་ནང་གི་སློབ་ཁྲིད་དང་སློབ་ཕྱིའི་བྱེད་སྒོ་ཟུང་འབྲེལ་གྱིས་སློབ་མའི་སྐད་ཡིག་ཆུ་ཚད་གོང་མཐོར་གཏོང་དགོས།
སློབ་ཁང་ནང་དང་སློབ་ཕྱིའི་བྱེད་སྒོ་ཟུང་འབྲེལ་ཡག་པོ་བྱས་ཏེ་ཚད་བཀག་ཡོད་པའི་སློབ་ཁང་ནང་གི་སློབ་ཁྲིད་དེ་ཚད་བཀག་མེད་པའི་སློབ་ཕྱིའི་བྱེད་སྒོར་བསྒྱུར་ཏེ་སློབ་ཚན་ཕྱི་ནང་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་ཤུགས་སྣོན་ཐེབས་རེས་བཅས་ཀྱི་སྒོ་ནས་སྐད་ཡིག་སློབ་ཁྲིད་ཀྱི་འབྲས་བུ་མཐོར་འདེགས་གཏོང་དགོས། སློབ་ཁང་ནང་གི་སློབ་ཁྲིད་དེ་དུས་ཚོད་དང་ནང་དོན་གྱི་ཚད་བཀག་རྐྱེན་པས་སྤྱི་ཚོགས་ཀྱི་ཆ་འཕྲིན་མང་པོ་ཞིག་སློབ་ཁང་ནང་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་པས་སློབ་ཕྱིའི་ཡིག་གཟུགས་འགྲན་བསྡུར་དང་། སྙན་ངག་སྒྲོག་སྦྱངས་། རྩོམ་ཡིག་འགྲན་བསྡུར། དྲ་ཐོག་ནས་དཔྱད་གཞིའི་ཡིག་རིགས་འཚོལ་བ་སོགས་ཀྱི་བྱེད་སྒོ་བརྒྱུད་ནས་སྐད་ཡིག་གི་ཆ་འཕྲིན་མང་པོ་ཞིག་སློབ་མས་གསོག་བསྡུ་བྱས་ན་སློབ་ཁང་ནང་གི་སློབ་ཁྲིད་སྟོང་ཆ་ཁ་སྐོང་བྱེད་ཐུབ་ལ་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་ཀྱང་མཐོར་འདེགས་ཡོང་ཐུབ།
(ལྷོ་ཁ་ཤར་འོད་སློབ་འབྲིང་གི་སྐལ་བཟང་གིས )