སློབ་ཁྲིད་ཀྱི་དམིགས་ཡུལ་གསལ་རྟོགས་ཀྱིས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་ཕྱོགས་སྐོར་རགས་ཙམ་གླེང་བ།
དུས་རབས་གསར་པའི་ཀྲུང་གོ་འདིར་གཅིག་ནས་དགེ་རྒན་རང་ཉིད་ལ་ཤེས་བྱ་ཕུན་སུམ་ཚོགས་ལ་བསམ་བློའི་བྱང་ཚད་མཐོ་ཞིང་སློབ་ཁྲིད་དང་སློབ་མ་སྐྱོང་བའི་ཐབས་བཟང་ལྡན་པ་དང་སློབ་གསོའི་ལས་ཀར་དགའ་ཞེན་ཚད་མེད་དང་འགན་འཁུར་གྱི་བསམ་བློ་གཙང་ལ་བརྟན་པ་ཞིག་དགོས་པ་ལས་ཧ་ཤང་ཉིན་གཅིག་བྱས་ན་གཅོང་ཉིན་གཅིག་བརྡུངས་པའི་དཔེ་ལྟར་ཉིན་མ་གང་འཁྱོལ་བྱས་ཏེ་བསྡད་ཚེ་རྒྱལ་ཁབ་དང་མི་རིགས་ལ་སྨན་པའི་དགེ་བའི་བཤེས་གཉེན་རྣམ་པར་དག་པ་ཞིག་བྱེད་ཐུབ་རྒྱུ་ལྟ་ཞོག མི་གཞན་གྱི་བྱིས་པ་རྣམས་འཐུས་ཤོར་དུ་གཏོང་རྒྱུ་ངེས་ཅན་རེད། 《བུ་སྟོན་ཆོས་འབྱུང 》ལས། “བཤེས་གཉེན་དུལ་བ་ཞི་བ་ཉེན་ཞི་བ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། བརྩེ་བ་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན ”ཞེས་བསྟན་པ་ལྟར་རོ།
དགེ་རྒན་ལ་ཤེས་རིག་ཕུན་སུམ་ཚོགས་པོ་ལྡན་དགོས།
ཆུ་ཚད་མཐོ་བའི་སློབ་མ་གསོ་སྐྱོང་བྱ་བར་དགེ་རྒན་རང་ཉིད་ལ་ཡོན་ཏན་ཕུན་སུམ་ཚོགས་ཤིང་ཁྲིད་བྱའི་ནང་དོན་རྣམས་བྱང་ཆུབ་པ་ཞིག་དགོས། དེ་ཡང་གཅིག་ནས་རང་ཉིད་ཀྱི་ཆེད་ལས་དེར་ངེས་པར་དུ་གཏིང་ཟབ་པ་དང་བྱང་ཆུབ་པ་ཞིག་དགོས་པ་དང་། གཉིས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཤེས་བྱ་སྣ་ཚོགས་རྟོགས་ཐུབ་པ་དགོས། གསུམ་ནས་རྒྱུན་ཆད་མེད་པར་དཔེ་དེབ་མང་ཙམ་གཟིགས་ཏེ་རང་ཉིད་ཀྱི་ཤེས་བྱའི་གྲུབ་ཆ་གསར་བརྗེས་ཟམ་མེད་བྱེད་དགོས། རྒྱལ་ཁབ་ཅིག་དང་མི་རིགས་གང་ཞིག་དར་རྒུད་ཇི་ཡོང་གི་འགག་རྩ་ནི་སློབ་གསོར་རག་ལུས་པས་སློབ་གསོ་བརྒྱུད་སྤེལ་བྱ་རྒྱུ་ནི་སློབ་གསོའི་འཐབ་ཕྱོགས་ཁག་ཏུ་གནས་པའི་དགེ་བའི་བཤེས་གཉེན་རྣམ་པའི་བྱང་ཚད་ཁོ་ནར་རག་ལུས་ཡོད་ན་རང་རེས་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་བསམ་བློ་ཪྙིང་པའི་འཆིང་རྒྱ་ལས་གྲོལ་ཏེ་དུས་རབས་ གསར་པའི་གོམ་རྗེས་ནོན་པ་ཞིག་སྤོ་དགོས་དེ་ཡིན་ལགས།
སློབ་ཁྲིད་ཀྱི་ཐབས་དང་སྤུས་གཉིས་ནི་གལ་ཆེའི་ནང་གི་གལ་ཆེ་ཡིན།
མེ་ཏོག་རེ་ལ་ཁ་དོག་རེ་ལྡན་པའི་དཔེ་བཞིན་དགེ་རྒན་སུ་འདྲ་ཞིག་ཡིན་རུང་རང་ཉིད་སོ་སོར་སློབ་མ་སྐྱོང་ཐབས་དང་སློབ་ཁྲིད་ཀྱི་ཁྱད་ཆོས་མི་འདྲ་བ་རེ་ཡོད་པ་ལྟ་ཅི་སྨོས་སྟེ་དགེ་རྒན་ལ་ཤེས་རྒྱ་ཟབ་ལ་སློབ་ཁྲིད་ཀྱི་ཐབས་བཟང་པོ་ཞིག་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ། དེ་ཡང་དགེ་རྒན་གྱིས་ཁྲིད་བྱའི་ཤེས་བྱར་ཚེགས་མེད་ཤེས་རྟོགས་ཐུབ་ཁར་སློབ་ཁྲིད་ཀྱི་ཐབས་ཤེས་བཟང་ལ་འཆད་ཁྲིད་སྒྱུ་རྩལ་ལྡན་པ་ཞིག་དགོས་རྒྱུ་ནི་གལ་ཆེའི་ནང་གི་གལ་ཆེ་ཡིན་པ་ནི་ཡུན་རིང་གི་སློབ་གསོའི་ལག་ལེན་ནང་ནས་དངོས་ར་འཕྲོས་པ་ཞིག་རེད།
དགེ་རྒན་ནི་རིག་པའི་གནས་ཀྱི་བདག་པོ་དང་། ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན་པར་བསྔགས་བརྗོད་བསམ་གྱིས་མི་ཁྱད་པ་གནང་བ་དེ་སྤྱི་ཚོགས་ཀྱིས་ང་ཚོར་གནང་བའི་ཡིད་ཆེས་ཀྱི་མེ་ཏོག་ཆུན་པོ་ཞིག་རེད། འོན་ཀྱང་དགེ་རྒན་འགའ་ཞིག་གིས་སློབ་མའི་ཁྲོད་ཆོ་མེད་ཀྱི་གཏམ་སྨྲ་བ་དང་། སློབ་ཁྲིད་བྱེད་སྐབས་བཞེས་ཐག་འཐེན་པ། རྒྱུན་པར་ཆང་རག་གམ་རྒྱན་འགྱེད་ལ་གཡེངས་བ་སོགས་བྱས་རྐྱེན་སློབ་མར་བག་ཆགས་ངན་པ་འཇོག་པ་དང་། རྣམ་ཀུན་རང་ཉིད་ཀྱི་བྱང་ཚད་ཇེ་མཐོར་མི་གཏོང་བའམ་སློབ་ཁྲིད་ཀྱི་ཐབས་དང་སྤུས་ཚད་ལ་དོ་སྣང་ཞན་པ་བཅས་ནི་དངོས་འབྲེལ་གཞན་གྱི་བྱིས་པ་འཐུས་ཤོར་གཏོང་བ “གང་ཞིག་གསེར་གྱི་རི་ལ་སྐྱབས་བཅོལ་བས། དེ་ཡི་འདབས་ཆགས་ཐམས་ཅད་གསེར་དུ་འགྱུར། གང་ཞིག་དུག་གི་རི་ལ་སྐྱབས་བཅོལ་བས། དེ་ཡི་འདབས་ཆགས་ཐམས་ཅད་དུག་ཏུ་འགྱུར ”ཞེས་པའི་དཔེ་ལྟར་མ་ལགས་སམ། མིག་སྔའི་གནས་ཚུལ་བལྟས་ཚེ་རྒྱུགས་སམ་སྐར་གྲངས་ཁོ་ནར་དམིགས་ཏེ་སྦྱངས་འབྲས་ཞན་པའི་སློབ་མར་མིག་ཙམ་ཡང་མི་བལྟ་ལ་ཐ་ན་ཁོ་ཚོའི་སྐད་ཆ་ཙམ་ཡང་ཉན་འདོད་མེད་པར་ཁོ་ཚོ་ཙི་ཙིས་ཞི་མི་མཐོང་བ་ལྟར་སློབ་ཚན་ཚོགས་ཐེངས་ཧྲིལ་པོར་ཞེད་སྣང་ཁོ་ནའི་ངང་ནས་དུས་འདའ་བར་བྱེད་ལ། སློབ་མ་དེ་དག་རྒྱུན་དུ་དགེ་རྒན་གྱི་ཁྲིད་བྱའི་ནང་དོན་ལ་དགའ་ཞེན་མེད་པའི་ཁར་དགེ་རྒན་ལ་དད་ལོག་བྱེད་པ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་ལ། ཐ་ན་སློབ་གྲྭ་ཐོན་སྐབས་གཏོང་ཡིག་ཀྱང་འབྲི་མི་ཤེས་པའི་སྣང་ཚུལ་ཡང་ཡོད།
དགེ་རྒན་གྱིས་སློབ་ཁྲིད་ཀྱི་དམིགས་ཡུལ་ངོས་འཛིན་གསལ་རྟོགས་མེད་པར་རང་ཉིད་ཀྱིས་འཆད་ཁྲིད་བགྱིད་པའི་སློབ་ཚན་ནང་དོན་དང་། མིང་ཚིག་ཐ་སྙད་སོགས་ལ་འགྲེལ་བ་རགས་ཙམ་བྱས་པ་ཙམ་གྱིས་ལས་འགན་ལེགས་སྒྲུབ་བྱུང་བར་མངོན་པ་དང་། སློབ་ཕྲུག་མང་དག་ཅིག་གིས་ཀྱང་རྒན་ལགས་ཀྱིས་འཆད་འཁྲིད་གནང་བ་ལན་གཅིག་ཉན་པ་དང་། སློབ་ཚན་ནང་གི་འགག་གནས་སམ་ཚིགས་འབྲུ་རེ་གཉིས་ངག་ཏུ་བཟུང་བ་དང་། ཚིག་འགྲེལ་ལམ་རྩ་ཚིག་གམ་ངེས་སྲོལ་འགའ་བློར་ངེས་ན་སློབ་ཚན་དེ་བཞིན་སྦྱངས་ཟིན་པར་རློམ་པ་ལས་དངོས་འབྲེལ་སློབ་ཚན་དེའི་སྙིང་པོ་དང་། རྩོམ་པ་པོའི་ཐོག་མའི་ཀུན་སློང་། དེ་བཞིན་སློབ་ཚན་དེའི་ནང་བསྟན་པའི་ཤེས་བྱ་རྣམས་ཁོང་དུ་ཆུད་ཅིང་རང་ཉིད་ཀྱིས་དེ་ལྟར་བེད་སྤྱོད་ཐུབ་པ་ཞིག་ཡོང་ཐབས་བྱ་རྒྱུར་སྣང་ཆེན་མི་བྱེད་པའི་གནས་ཚུལ་ནི་རྟག་ཏུ་རྒྱ་ཁྱབ་ངང་མཐོང་རྒྱུ་ཡོད་པ་ཞིག་རེད། དེ་ལྟར་བྱས་པའི་འབྲས་བུར་སློབ་མ་མང་དག་ཅིག་སློབ་གྲྭ་ཐོན་ནས་ལས་གནས་ཤིག་གི་ཐོག་འབྱོར་རྗེས་བརྡ་ཐོ་དང་། བྱུང་འཛིན། གཡར་འཛིན་སོགས་རྒྱུན་སྤྱོད་ཡི་གེ་ཞིག་འབྲི་མི་ཤེས་པ་དང་། ཚིག་སྒྲུབ་བམ་བརྗོད་པ་བདེ་ལ་སྙན་པ་ཞིག་བཟོ་མི་ཐུབ་པ་དང་། ཐོན་སྐྱེད་དམ་འཚོ་བ་དངོས་ཀྱི་ནང་གི་རྩིས་གཞི་ག་གེ་མོ་ཞིག་གི་མདུན་དུ་མགོ་འཐོམས་ནས་སྡོད་པ། རང་བྱུང་ཁམས་ཀྱི་སྣང་ཚུལ་ཞིག་ལ་འགྲེལ་བ་ཡང་དག་པ་ཞིག་བྱེད་མི་ཐུབ་པ། ཡིག་སྒྱུར་སོགས་ཡི་གེ་བེད་སྤྱོད་པའི་ལས་ཀ་ཞིག་དང་འཕྲད་ཚེ་ཡིག་ནོར་ལུང་པ་གང་ལས་དག་ཆར་ལྟ་བཟོ་མེད་པ་སོགས་ཀྱི་སྣང་ཚུལ་འདི་རིགས་ཀྱང་རང་རེའི་སློབ་ཁྲིད་ཀྱི་སྤུས་ཚད་མ་ལྡེང་བའི་གནས་ཚུལ་དང་འབྲེལ་བ་ཐད་ཀར་ཡོད་པ་ཞིག་ཡིན།
སྤུས་ཚད་གོང་མཐོང་གཏོང་བར་ཐབས་མཁས་དགོས།
འོ་ན་སློབ་འཁྲིད་ཀྱི་སྤུས་ཚད་གང་འདྲ་བྱས་ནས་ཇི་མཐོར་གཏོང་དགོས་སམ་ཞེ་ན། དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་རང་ལ་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་དགོས་པ་ཕུད་ད་དུང་ཐབས་དང་ཤེས་རབ་ལ་བརྟེན་ནས་འཁྲིད་ཐབས་ལ་དཔྱད་པ་དང་ལེགས་བཅོས་རྒྱུན་མ་ཆད་པ་བྱ་རྒྱུ་ནི་སློབ་ཁྲིད་བྱེད་སྒོ་ཧྲིལ་པོའི་ནང་གི་གཙོ་གནད་དུ་འཇོག་དགོས་པ་རེད། འཁྲིད་ཐབས་ལའང་བཟས་ཆོག་ཆོག་གི་ལྟོ་དང་གཅིག་གྱུར་ཀུན་ཐུབ་ཀྱི་ཉམས་མྱོང་ལྟ་བུ་ཞིག་མ་མཆིས་ཏེ་སློབ་གྲྭ་སོ་སོའི་ཡུལ་བབ་འདྲ་མིན་དང་། ཁོར་ཡུག་གི་རྣམ་པ། འཁྲིད་ཡུལ་སློབ་མ་རྣམས་ཀྱི་ཤེས་རྒྱ་ཐོས་རྒྱ་ཆེ་ཆུང་། སློབ་མ་ཚོའི་ཤེས་བྱའི་གནས་ཚད། སློབ་མ་ཚོའི་གོ་སྟོབས་བཟང་ཞན། དེ་བཞིན་དགེ་རྒན་སོ་སོའི་སློབ་ཁྲིད་ཀྱི་ཉམས་མྱོང་ལ་རྟག་ཏུ་ཕྱོགས་སྡོམ་དང་དབྱེ་ཞིབ། སྤང་བླང་བཅས་བྱེད་པའི་བརྒྱུད་རིམ་ནང་འཆད་ཁྲིད་ཀྱི་ཕན་ནུས་ཇི་མཐོར་བཏང་ཐོག་རང་ཉིད་ཀྱི་འཆད་ཁྲིད་དེ་བཞིན་དོན་ཟབ་པ་དང་གོ་སླ་བ། སྙན་ཞིང་འཇེབས་པ། གནད་ལ་འཕིགས་པ་ཚིག་རོའི་དྲ་བས་མ་བཅིངས་པ། བསྡུས་ལ་གསལ་བ་ཞིག་ཡོང་ཐབས་ཅིས་ནས་ཀྱང་བྱེད་དགོས། སློབ་ཁྲིད་ཀྱི་སྤུས་ཚད་དེ་ལྟ་བུ་ཞིག་ཡོང་དགོས་ན་འཆད་ཁྲིད་ཀྱི་སྟ་གོན་འཕྱུགས་པ་མེད་ལ་ནན་ཞིང་རྒྱས་པ་ཞིག་དགོས་པ་ནི་སློབ་ཁྲིད་ལེགས་པར་སྒྲུབ་པའི་གོམ་པ་དང་པོ་དེའོ། སློབ་ཁྲིད་ཀྱི་སྟ་གོན་ལེགས་པར་བྱེད་དགོས་ན་དང་ཐོག་བསམ་བློའི་ནང་ནས་སྒྱིད་ལུགས་དང་སླ་བཅོས་ཀྱི་བསམ་སྦྱོར་དོར་ནས་དང་པོ་སློབ་གཞི་ཆ་ཚང་ཁོང་དུ་ཆུད་པ་དང་། གཉིས་པ་འབྲེལ་ཡོད་ཤེས་བྱ་དཔྱད་གཞིའི་ཡིག་རིགས་སློབ་སྦྱོང་། གསུམ་པ་སློབ་ཁྲིད་སྟ་གོན་ཟིན་བྲིས (ཐོག་མའི་འཕྲོས་པ། བར་གྱི་འཆད་འཁྲིད་དངོས་གཞི་གཙོ་གནད་གསལ་སྟོན། སློབ་ཚན་དེའི་བླང་བྱའམ་དགོས་པ། མཇུག་གི་འདྲི་བའམ་མཇུག་བསྡོམས )ནན་ཏན་བཟོ་བ་མ་ཟད་འཁྲིད་དུས་བྱང་ཆུབ་པ་ཞིག་འཁྲིད་ཐུབ་པ། བཞི་པ་འཁྲིད་རྩལ་ཏེ་འཆད་ཁྲིད་བྱེད་པའི་སྒྱུ་རྩལ་ལམ་ཐབས་བཟང་ལ་དོ་གལ་ནན་གྱིས་བྱས་ཏེ་རང་གི་ཁྲིད་པའི་སློབ་ཚན་དེ་བཞིན་སློབ་མ་རྣམས་ཀྱིས་ཉན་འདོད་པ་དང་། སྦྱོང་འདོད་པ། ཁོ་ཚོའི་བློ་མུན་སེལ་ཐུབ་པ། མུ་མཐུད་ནས་ཉན་པའི་སྤྲོ་སྣང་སྐྱེ་ཐུབ་པ། ཉན་རྗེས་བློ་ངོར་བག་ཆགས་ཟབ་མོ་འཇོག་ཐུབ་པ་ཞིག་འབྱུང་ཐབས་ཀྱི་བརྟག་དཔྱད་དང་ཉམས་མྱོང་གསོག་འཇོག་དང་ཕྱོགས་སྡོམ་ཟམ་མི་ཆད་པ་བྱས་ཏེ་སློབ་ཁྲིད་བྱེད་པའི་ཐབས་ཤེས་ཟམ་མི་ཆད་པ་ཇི་བཟང་དང་། སློབ་ཁྲིད་ཀྱི་སྤུས་ཚད་ཟམ་མི་ཆད་པ་ཇེ་ལེགས་སུ་གཏོང་ཐུབ་པ་བྱེད་དགོས་པ་གལ་འགངས་ཆེ།
སློབ་མར་སློབ་སྦྱོང་གི་དམིགས་ཡུལ་སྐོར་གྱི་སློབ་གསོ་གཏོང་དགོས་པ།
དགེ་རྒན་གྱི་སློབ་ཁྲིད་ཐབས་ཤེས་ལེགས་ལ་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་པོ་ཞིག་ཡོད་ནའང་སློབ་ཕྲུག་གི་སློབ་སྦྱོང་དམིགས་ཡུལ་གསལ་པོ་མེད་ཚེ་ཕན་འབྲས་བཟང་པོ་ཐོན་པའང་ཤིན་ཏུ་དཀའ།
སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་གསོ་སྐྱོང་བྱ་རྒྱུ་ནི་ཏང་གི་སློབ་གསོའི་མཛད་ཕྱོགས་སྒོ་ཀུན་ནས་ལག་ལྟར་དོན་འཁྱོལ་བྱེད་པའི་བླང་བྱ་ཞིག་རེད། དེར་བརྟེན་རང་རེས་སློབ་ཁྲིད་སྤུས་ཚད་ཇེ་ལེགས་གཏོང་བ་དང་སློབ་མ་སོ་སོའི་ཁྱད་ཆོས་ལ་བསྟུན་ནས་སློབ་གསོ་རྒྱག་རྒྱུ་གཉིས་ཟུང་འབྲེལ་བྱས་ན་གཞི་ནས་སློབ་མའི་ཕྱོགས་ཡོངས་ཀྱི་ཁྱད་འཕགས་ཡོན་ཏན་འདོན་སྤེལ་བྱེད་ཐུབ་སྙམ།
ང་ཚོས་ཤེས་གསལ་ལྟར་སྤྱིར་དགེ་རྒན་གྱིས་རྣམ་ཀུན་སློབ་མར་སློབ་གསོ་གཏོང་སྐབས་ཁོང་ཚོའི་རང་གཤིས་སོགས་ཚང་མའི་ཁྱད་ཆོས་ལ་བལྟོས་ནས་དགེ་སྐྱོན་དང་ཕན་གནོད་དབྱེ་ཞིབ་གསལ་འབྱེད་དང་གནས་ལུགས་རྒྱུ་མཚན་གསལ་བཤད་བྱས་ནས་སློབ་མ་ཚོའི་སེམས་ནང་ཟུག་པོ་དང་སློབ་གསོའི་དོན་སྙིང་ཡང་རྟོགས་ཐུབ་པར་ངེས། གལ་སྲིད་རྣམ་ཀུན་སློབ་མར་སློབ་གསོ་རྒྱག་སྐབས་རང་ཉིད་ཀྱི་འཁྲིད་བྱའི་ནང་དོན་དེ་ཞན་པའམ་རྒྱུགས་འབྲས་དམའ་བའི་སློབ་མར་མུན་འཐོམས་དང་ལྐུགས་པ་ཨུ་ཚུགས་ཀྱིས་རང་སོའི་གཤིས་རྒྱུད་རྩུབ་པོར་བརྟེན་ནས་སློབ་མར་དོན་དངོས་དང་མི་མཐུན་པའི་སྨྲ་བ་སྨྲས་ཚེ་ཁོང་ཚོའི་སེམས་པར་ཕོག་ཐུག་བཟོས་ནས་རྟག་ཏུ་སེམས་མི་སྐྱིད་པ་དང་ཡིད་མུག་ནས་སློབ་སྦྱོང་ལ་ཡར་སྐུལ་ཐེབས་རྒྱུ་ལྟ་ཅི་སེམས་ཤུགས་ཆགས་པའམ་ཡར་རྒྱས་ཀྱི་བསམ་བློ་ཉམས་ནས་སློབ་སྦྱོང་ལ་ཞེན་པ་ལོག་པ་སོགས་ཀྱི་གནས་ཚུལ་ཡང་ཡོང་སྲིད། དེ་ཡང་། “དད་པ་མེད་པའི་མི་རྣམས་ལ། དཀར་པོའི་ཆོས་རྣམས་མི་བྱུང་སྟེ། ས་བོན་མེ་ཡི་འཚིག་པ་ལ། ལོ་མ་སྔོན་པོ་ཇི་བཞིན་ནོ ” ཞེས་པ་ལྟར་རོ།
མདོར་ན་སློབ་ཚན་རིགས་མི་འདྲ་བའི་དགེ་རྒན་སུ་འདྲ་ཞིག་ཡིན་ནའང་། རང་གི་སློབ་ཁྲིད་ཀྱི་དམིགས་ཡུལ་གསལ་ཐག་ཆོད་ཅིག་ཡོད་ཕྱིན་དེས་སློབ་ཁྲིད་ཀྱི་ཆུ་ཚད་དང་ཐབས་ཤེས། ཁྲིད་རྩལ་བཅས་ཀྱི་ཐད་ལ་དོ་སྣང་དང་བརྩོན་པ་བྱེད་ངེས་ལ་ཀུན་སློང་བཟང་པོ་དེ་ལྟ་བུ་ཞིག་ལ་བརྟེན་ནས་རང་ཉིད་ཀྱི་ཤེས་རྒྱའང་ཇེ་ཆེ་ཇེ་ཟབ་ཏུ་གཏོང་བ་དང་། སློབ་ཁྲིད་ཀྱི་ལྟ་གོན་ལ་དོ་ནན། སློབ་ཁྲིད་ཀྱི་སྒྱུ་རྩལ་ལམ་འཁྲིད་ཐབས་ཐད་སྣང་ཆེན། འཁྲིད་བྱའི་སློབ་གཞིར་ནན་ཏན་ལྟ་བ། སློབ་ཁྲིད་ཀྱི་ཉམས་མྱོང་བཟང་པོ་དང་ལེན་དང་། ཕྱོགས་སྡོམ་བྱས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོ་ཇེ་མཐོར་གཏོང་ཐུབ་ངེས་ལགས་སོ།
(གཞིས་ཀ་རྩེ་གྲོང་ཁྱེར་ཉི་རི་ཤང་ལྟེ་བའི་སློབ་ཆུང་གི་དགེ་མིང་ཉི་དབྱངས་ཀྱིས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣