དགེ་རྒན་ནི་སློབ་གསོ་སློབ་ཁྲིད་གནང་མཁན་གྱི་ཆེད་ལས་མི་སྣ་ཞིག་ཡིན་ལ། མིའི་རིགས་ཀྱི་བསམ་བློའི་མཛུབ་ཁྲིད་མཁན་ཞིག་ཀྱང་ཡིན་པས། དགེ་རྒན་གྱིས་གཅིག་ནས་ཤེས་བྱ་རིག་གནས་སློབ་ཁྲིད་གང་ལེགས་བྱེད་དགོས་པ་མ་ཟད། གཉིས་ནས་སློབ་མར་བསམ་བློ་ཀུན་སྤྱོད་ཐད་ཀྱི་སློབ་གསོ་གང་མང་བརྒྱབ་སྟེ་སློབ་མ་རྣམས་བླང་དོར་གྱི་འཇུག་ལྡོག་ཕྱིན་ཅི་མ་ལོག་པར་མི་ལུས་དོན་ལྡན་ཡོང་བའི་སློབ་སྟོན་བྱེད་དགོས། དེར་བརྟེན་དགེ་རྒན་རང་ཉིད་ལ་ཆེད་ལས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པོ་ལྡན་དགོས་པའི་ཁར་སྤྱོད་ཚུལ་ཡ་རབས་དང་། བསམ་བློ་གཞུང་དྲང་གི་ཐོག་ནས་རང་དཔེ་གཞན་སྟོན་ཐུབ་པདགོས་ཤིང་། དེ་ཡང “མཁྱེན་པ་རྒྱས་ཤིང་དགེ་སྤྱོད་གཙང་བ་མིག་དཔེར་འོས་”ཞེས་གསུངས་པ་ལྟར་སློབ་མར་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཐད་ཀར་སློབ་གསོ་ཐོབ་པ་བྱེད་དགོས།
སློབ་མ་རྣམས་སྐྱོན་བྲལ་བདེ་ཐང་ངང་གསོ་སྐྱོང་བྱས་ནས་ཕྱིན་འབྱུང་སྤྱོད་ཡོན་ཉིས་ལྡན་གྱི་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མཁན་ཞིག་ཏུ་འགྱུར་བ་བྱ་རྒྱུ་ནི་དགེ་བའི་བཤེས་གཉེན་གྱི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་འདོར་ཐབས་མེད་པ་ཞིག་ཡིན་ཞིང་། ཁོང་ཚོ་ཆུང་དུས་ནས་ཤེས་ཡོན་ལྡན་པ་དང་། ཀུན་སྤྱོད་ལྡན་པ། སྒྲིག་ལམ་ལྡན་པ་བཅས་ཀྱི་མི་བཟང་པོ་ཞིག་ཏུ་ཁྲིད་སྟོན་བྱ་རྒྱུ་དེ་ནི་དགེ་བའི་བཤེས་གཉེན་གྱི་འོས་འགན་ཉག་ཅིག་དེ་ཡིན་པས་དགེ་རྒན་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕུལ་བྱུང་གི་སློབ་ཁྲིད་བྱ་ཐབས་ལ་བརྟེན་ནས་ཤེས་བྱ་བརྒྱུད་སྤྲོད་བྱེད་པ་དང་རང་ཉིད་ཀྱི་ཉེ་འཁོར་དུ་གནས་པའི་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་སྤྱོད་ཚུལ་བཟང་ཞིང་བྱང་ཚད་མཐོ་བའི་དགེ་རྒན་གྱི་གཟུགས་བཪྙན་བཟང་པོ་མངོན་ཐུབ་པ་བྱས་ནས་སློབ་མའི་མིག་དཔེ་བཟང་པོ་ཞིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་། དེ་ཡང་སློབ་མའི་མིག་དཔེ་བཟང་པོ་ཞིག་ཏུ་འགྱུར་བར་དགེ་རྒན་གྱིས་གཤམ་གསལ་ཕྱོགས་གསུམ་ལ་དོ་སྣང་བྱེད་དགོས་སྟེ།
དང་པོ། དགེ་རྒན་གྱིས་རང་གི་གཟུགས་བཪྙན་ལ་དོ་སྣང་བྱེད་དགོས།
དེ་ཡང་དགེ་རྒན་ཞེས་པའི་ཐ་སྙད་དེ་འཇིག་རྟེན་སྐྱེ་འགྲོ་ཀུན་གྱི་རྣ་བའི་དབང་པོར་ཐོས་མ་ཐག་ཐོག་མར་བློ་ངོར་འཆར་བ་ནི་ཤེས་བྱ་ཡོན་ཏན་ཆེ་ཞིང་སྤྱོད་ཚུལ་ཡ་རབས་ཅན་གྱི་སྐྱེས་མཆོག་ཅིག་ཏུ་ངོས་འཛིན་གྱི་ཡོད་པས་དེར་བརྟེན་དགེ་རྒན་ཞིག་གིས་དུས་དང་གནས་གང་ཞིག་ཏུ་སླེབས་རུང་རང་ཉིད་ཀྱི་གཟུགས་བཪྙན་བཟང་པོ་མི་ཉམས་པར་རང་འགུལ་གྱིས་སྒྲིག་འཁུར་ཁྲིམས་སྲུང་དང་། རང་འགན་ལེགས་སྒྲུབ། སྤྱོད་ཚུལ་ཡ་རབས་བཅས་བྱེད་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ། འོན་ཀྱང་དེང་སྐབས་དགེ་རྒན་ཉུང་ཤས་གྱིས་སློབ་གྲྭའི་ནང་སློབ་ཁྲིད་བྱེད་ཐུབ་པ་ཙམ་ལས་ཕྱི་རོལ་དུ་རང་ཉིད་མི་དམངས་ཀྱི་དགེ་རྒན་ཡིན་པ་གཏིང་བརྗེད་དུ་སོང་ནས་དགེ་རྒན་གྱི་གཟུགས་བཪྙན་ལ་དོ་སྣང་རྩ་བ་ནས་མི་བྱེད་པར་ཆང་རག་གང་བྱུང་བཏུངས་ནས་ར་བཟི་ཤོད་པ་དང་ཚུལ་མིན་གྱི་བྱ་བ་སྤེལ་བ་སོགས་བྱེད་པ་དེས་སློབ་མར་བག་ཆགས་ངན་པ་འཇོག་པས་ཁོང་ཚོར་བསམ་བློ་ཀུན་སྤྱོད་ཐད་ཀྱི་སློབ་གསོ་གཏོང་ཐབས་བྲལ།
གཉིས་པ། དགེ་རྒན་གྱིས་བསམ་སྤྱོད་ལ་དོ་སྣང་བྱེད་དགོས།
དགེ་རྒན་རྣམ་པས་རྒྱུན་དུ་ནས་བསམ་བློའི་སྤྱོད་ཚུལ་ཡང་དག་འཛིན་རྒྱུར་དོ་སྣང་དང་རྒྱུན་འཁྱོངས་བྱས་ཚེ་སློབ་མ་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་གུས་བཀུར་ཐོབ་ནས་ཐད་ཀར་སློབ་གསོ་ཐོབ་ཐུབ་ཅིང་། དེ་ཡང་གཤམ་གྱི་ཕྱོགས་གཉིས་ཙམ་ལ་དོ་སྣང་བྱེད་དགོས་པ་སྟེ།
1.དགེ་རྒན་ལ་གཞན་ཕན་གྱི་བྱམས་སེམས་ཤིག་དང་ཡ་རབས་གུས་ཞབས་ལྡན་དགོས།
དེ་ཡང་དགེ་རྒན་ཚང་མས་སློབ་མར་སློབ་ཕྲུག་དབར་ཕན་ཚུན་མཐུན་སྒྲིལ་དང་རོགས་རམ་བྱེད་པ། དཀའ་ངལ་ཡོད་པའི་མི་ལ་རང་འགུལ་གྱིས་རོགས་རམ་བྱེད་པ། རྒན་པར་གུས་ཞབས་དང་གཞོན་པར་གཅེས་སྐྱོང་བྱེད་པ་སོགས་དེ་དང་དེ་འདྲ་བའི་བསམ་བློ་ཀུན་སྤྱོད་ཐད་ཀྱི་སློབ་གསོ་གང་མང་བསྐྱོན་ཀྱི་ཡོད་ཀྱང་དགེ་རྒན་འགའ་རེས་དེ་དག་ལ་སྣང་ཆེན་མི་བྱེད་པ་སྟེ། དཔེར་ན། སློབ་མ་ན་ཡང་དོ་སྣང་བྱ་རྒྱུ་མི་འདང་བ་དང་། འཚོ་བར་དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱེད་མ་ཐུབ་པ། རང་བྱུང་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ལ་བྱམས་དང་སྙིང་རྗེའི་སེམས་པ་འཆང་མ་ཐུབ་པ། དགེ་རྒན་དབར་གུས་ཞབས་སོགས་མེད་པར་གང་བྱུང་མིང་ངན་འདོགས་པ་དང་འཁྲུག་རྩོད་བྱེད་པ་སོགས་བྱེད་པ་དེས་སློབ་མར་སློབ་གསོ་གཏོང་ཐབས་བྲལ་ལ་ཐ་ན་སློབ་གསོ་ཇི་ཙམ་བསྐྱོན་ཡང་སུན་སྣང་དུ་འགྱུར་བ། དེ་ལས་ལྷག་པར་སློབ་མས་དགེ་རྒན་དེར་འཛིན་པའི་ལྟ་ཚུལ་དང་ཡིད་ཆེས་སོགས་མེད་པར་གྱུར་ནས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་གྱི་ཡོད་པས་ཅིས་ནས་ཀྱང་ཡིད་གཟབ་བྱེད་དགོས།
2.དགེ་རྒན་གྱིས་སྐད་ཆ་དྲང་པོ་ཤོད་པ་དང་ཁ་དན་ཚིག་གནས་ཐུབ་པ་བྱེད་ དགོས།
སྐད་ཆ་དྲང་པོ་ཤོད་པ་དང་ཁ་དན་ཚིག་གནས་བྱེད་རྒྱུ་ནི་རང་རེའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པས་དེ་དག་དགེ་བའི་གཤེས་གཉེན་རྣམས་ཀྱི་ལུས་ཐོག་ནས་མངོན་ཐུབ་དགོས་པ་མ་ཟད། སློབ་མ་རྣམས་ལའང་སྲོལ་བཟང་དེ་རྒྱུད་འཛིན་དང་དར་སྤེལ་ཐུབ་དགོས་པ་བྱ་དགོས། ཡིན་ནའང་དེང་སྐབས་དགེ་རྒན་མི་ཉུང་བ་ཞིག་ལ་ཆེད་ལས་ཀྱི་ཡོན་ཚད་མཐོ་པོ་ལྡན་ཡོད་ཀྱང་རྒྱུན་ལྡན་གྱི་སྤྱོད་ཚུལ་ལ་སྣང་ཆེན་བྱ་རྒྱུ་མ་འདང་བའི་རྐྱེན་གྱིས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བར་འགོག་རྐྱེན་ངན་པ་བཟོ་གི་ཡོད། དཔེར་ན། དགེ་རྒན་འགས་སློབ་མའི་ཁྲོད་སྐད་ཆ་མི་འདྲ་བ་ཁག་གཉིས་གསུམ་ཙམ་བཤད་ནས་སློབ་མས་གང་དུ་ཆ་འཇོག་བྱེད་དགོས་མིན་དབྱེའབྱེད་མི་ཐུབ་པ་དང་། ཡང་སྦྱོང་ཚན་དང་རང་སྦྱོང་སོགས་གཏན་འཁེལ་བྱས་པའི་དུས་ཚོད་ནང་བལྟ་རྒྱུའི་རེ་བ་འདོན་ཡང་དུས་ཐོག་ཏུ་ཞིབ་བཤེར་བྱེད་མ་ཐུབ་པ། སློབ་མའི་ཁྲོད་བྱ་བ་མང་དག་ཅིག་བསྒྲུབ་རྒྱུའི་ཁས་ལེན་བྱས་ཀྱང་དོན་ཐོག་ཏུ་མ་འཁྱོལ་བ་སོགས་བྱེད་པ་དེས་སློབ་མའི་སེམས་ཤུགས་ཉམས་འགྲོ་གི་ཡོད་པས་དགེ་རྒན་གྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་སློབ་མར་མིག་དཔེ་སྟོན་དགོས་སོ།
གསུམ་པ། དགེ་རྒན་གྱི་ཕྱིའི་གཟུགས་བཪྙན་ལ་དོ་སྣང་བྱེད་དགོས།
དགེ་རྒན་དང་སློབ་མ་གཉིས་དུས་ཚོད་ཕལ་མོ་ཆེ་མཉམ་དུ་འཚོ་སྡོད་བྱེད་བཞིན་ཡོད་ཅིང་། དགེ་རྒན་གྱི་ཕྱིའི་གཟུགས་བཪྙན་གཙང་ཞིང་བབ་ཆགས་པ་དེས་སློབ་མར་ཐོག་མའི་འཆར་སྣང་དང་བག་ཆགས་གཏིང་ཟབ་འཇོག་ཐུབ། ལྷག་པར་སློབ་ཆུང་སློབ་མ་ལྟ་བུར་མཚོན་ན་རང་ཉིད་ཀྱི་དགེ་རྒན་ནི་བྱ་སྤྱོད་ཐམས་ཅད་ཀྱི་ཚད་མར་འཛིན་རྒྱུར་དགའ་ཞིང་། དགེ་རྒན་གྱི་གཟུགས་བཪྙན་ནི་རང་ཉིད་ཆེན་པོ་ཆགས་རྗེས་འཚོལ་སྙེག་བྱེད་པའི་གཟུགས་བཪྙན་ལེགས་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཕྱིའི་གཟུགས་བཪྙན་ལེགས་པོ་ཞིག་མངོན་པ་བྱེད་རྒྱུ་དེ་ནི་སློབ་མར་མིག་དཔེ་བཟང་པོ་ཞིག་དང་ཁྲིད་སྟོན་བཟང་པོ་ཞིག་འདོན་ཐུབ་པའི་འགན་ལེན་ཡིན། དེར་བརྟེན་དགེ་རྒན་ཞིག་གིས་རང་ཉིད་ཀྱི་ཕྱིའི་གཟུགས་བཪྙན་ལ་དོ་སྣང་ཤུགས་ཆེན་བྱ་རྒྱུ་ནི་རང་ཉིད་ཀྱི་ཆེད་ལས་ཀྱི་དགོས་མཁོ་ངེས་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་དགོས།
དགེ་རྒན་གྱིས་ཆས་ཡ་མ་ཟུང་དང་མཛེས་སྤྱོད་ཐལ་དྲགས་པ་སྤྲོས་རྒྱུ་མེད། སྤྱི་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་རིག་གནས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བ་དང་བསྟུན་ནས་མིའིརིགས་ཀྱི་ཟས་གོས་སྤྱོད་གསུམ་གྱི་རེ་བ་ཡང་དེ་དང་མཉམ་དུ་མཐོ་རུ་འགྲོ་གི་ཡོད་ལ། མཛེས་པོར་དགའ་བ་ནི་མི་རྣམས་ཀུན་གྱི་རང་གཤིས་ཡིན། ཡིན་ན་ཡང་དགེ་རྒན་གྱིས་དགེ་རྒན་གྱི་ལས་གནས་དང་འཚམས་པའི་གཟུགས་བཪྙན་དོན་གཉེར་བྱེད་པ་ལས་རང་སྣང་གང་ཤར་གྱིས་རང་གིས་གང་གོན་འདོད་པ་གྱོན་པ་དང་། རང་གིས་མཛེས་པོར་རློམ་པ་བཞིན་དུ་མཛེས་བཟོ་བྱེད་མི་རུང་། དགེ་རྒན་གྱི་བྱ་སྤྱོད་ལེགས་ཞན་ཚང་མས་ཐད་ཀར་སློབ་མར་ཤུགས་རྐྱེན་བཟོ་སྲིད་པས་་ཚུལ་དང་མི་མཐུན་པའི་བྱ་སྤྱོད་དེས་སློབ་མར་བག་ཆགས་ངན་པོ་ཞིག་འཇོག་པ་མ་ཟད། ལྷག་པར་དུ་སློབ་ཆུང་སློབ་མ་རྣམས་ནི་ལད་མོ་བྱེད་རྒྱུར་དགའ་བས་དེས་སློབ་མའི་ལུས་སེམས་གཉིས་ཀར་མཇུག་འབྲས་ངན་པ་ཞིག་ཀྱང་ཐོན་སྲིད། དེས་ན་དགེ་རྒན་ཞིག་ཡིན་ཕྱིན་སྤྱི་ཚོགས་ཐོག་གི་དེང་དུས་ཀྱི་དར་བཟོ་ཡ་མཚན་ཅན་གྱི་རྗེས་སུ་བསྙེགས་ནས་རང་ཉིད་འཁྲབ་སྟོན་པ་ལྟ་བུ་ཞིག་བཟོ་དགོས་པའི་དགོས་པ་མེད་པས་ངེས་པར་དུ་ཆེད་ལས་ཀྱི་དགོས་མཁོ་དང་བསྟུན་ནས་བབ་ཆགས་ཤིང་ཚུལ་དང་མཐུན་པ། གྲལ་འགྲིག་ཅིང་གཙང་སྦྲ་ལྡན་པ། སྙིང་སྟོབས་ཆེ་ཞིང་ལྟ་སྣང་དོད་པ་བཅས་ལས་རིགས་ཀྱི་ངོ་བོ་དང་ཉམས་འགྱུར་མངོན་ཐུབ་ལ་སློབ་མའི་ཡིད་ཆེས་དང་བརྩི་བཀུར་ཐོབ་ཐུབ་པའི་དགོས་མཁོ་དང་མཐུན་པ། རང་དཔེ་གཞན་སྟོན་ཐུབ་པའི་རྩ་བའི་ཁྱད་ཆོས་དང་མཐུན་ཐུབ་པ་བཅས་ཀྱི་ཐོག་ནས་སློབ་མར་བག་ཆགས་བཟང་པོ་ཞིག་འཇོག་དགོས།
(གོང་དཀར་རྫོང་རྣམ་རྒྱལ་ཞོལ་ལྟེ་སློབ་ཀྱི་བཀྲ་ཤིས་ཆུང་བས )