དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཀྱི་ཐབས་ཤེས་ལ་བརྟེན་ནས་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་དགོས་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-08

        རྩེད་མོར་དགའ་བ་ནི་བྱིས་པའི་རང་བཞིན་ཞིག་ཡིན་པས་གལ་སྲིད་བྱིས་པ་ཞིག་རྩེད་མོ་རྩེ་མི་ཤེས་པའམ་ཡང་ན་རྩེད་མོ་རྩེ་རྒྱུ་མ་དགའ་ནི་ཕལ་ཆེར་ལྷན་སྐྱེས་ཀྱི་རིག་སྟོབས་དམན་པའམ་ཡང་ན་སེམས་ཁམས་སྐྱོན་ཅན་ཞིག་ཡིན་ཞེས་ཤོད་ཆོག་པས་ལོ་ཆུང་བྱིས་པ་གསོ་སྐྱོང་བྱེད་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་གི་ངོས་ནས་བཤད་ན་ཁྱད་ཆོས་སམ་རང་གཤིས་དེ་དམ་འཛིན་བྱས་ནས་སྤྲོ་སྣང་ལྡན་ལ་འཁྲུག་ཆ་དོད་པའི་འཚར་ལོངས་སམ་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་ནས་སློབ་གསོ་སློབ་ཁྲིད་དང་བྱིས་པ་གསོ་སྐྱོང་གི་ལམ་དུ་ཞུགས་ཚེ་རྒྱ་ཆེའི་བྱིས་པ་རྣམས་བདེ་སྐྱིད་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུའི་འགན་སྲུང་ཐུབ་རྒྱུ་ཐེ་ཚོམ་ཅི་ཡང་མེད། སློབ་གསོ་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྟག་ཏུ་སློབ་མ་དང་མཉམ་དུ་རོལ་རྩེད་རྩེ་བ་དང་བྱེད་སྒོ་སྣ་ཚོགས་སྤེལ་བས། རྩེད་མོའི་ཁྲོད་དུ་སློབ་སྦྱོང་བྱེད་པ། སློབ་སྦྱོང་ཁྲོད་དུ་རྩེད་མོ་རྩེ་བ་བཅས་བྱེད་ཀྱི་ཡོད་པས་བྱེད་སྟངས་དེ་ནི་སློབ་མའི་རིག་སྟོབས་སྔོག་འདོན་དང་སློབ་སྦྱོང་ལ་དགའ་ཞེན་བྱེད་པའི་བསམ་པ་གསོ་སྐྱོང་བྱེད་པར་གྱུར་ཡོད་སྙམ། འགུལ་སྐྱོད་དང་རྩེད་མོར་ང་དགའ་བ་དང་བློ་རྩེ་གཅིག་སྒྲིམ་བྱེད་མི་ཐུབ་པ་དེ་ནི་ལོ་ན་ཕྲ་བའི་བྱིས་པ་ཀུན་ལ་ལྡན་པའི་ཁྱད་ཆོས་སམ་རང་གཤིས་ཤིག་ཡིན་པས་དགེ་རྒན་གྱིས་སློབ་ཆུང་སློབ་མ་གསོ་སྐྱོང་བྱེད་སྐབས་ཁོང་ཚོའི་ཁྱད་ཆོས་དང་སེམས་ཁམས་བསམ་ཚུལ་ལ་མ་བལྟོས་པར་གང་བྱུང་རང་འདོད་ཀྱི་སློབ་གསོ་དང་སློབ་ཁྲིད་བྱས་ན་མཐའ་མའི་དམིགས་ཡུལ་དང་བསམ་ཚུལ་ལས་འགལ་བས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཕོག་ངེས་ཡིན་པས་སློབ་གསོའི་ལས་དོན་པ་ཀུན་གྱིས་དེང་རབས་ཀྱི་སློབ་གསོའི་རིག་གཞུང་དང་སྔོན་ཐོན་གྱི་སློབ་གསོའི་ཐབས་ཤེས་ལ་བརྟེན་ནས་འཁྲུག་ཆ་དོད་པའི་སློབ་ཁྲིད་ཀྱི་ཁོར་ཡུག་གསར་གཏོད་བྱས་ནས་སློབ་མའི་སློབ་སྦྱོང་བྱེད་འདོད་ཀྱི་བསམ་པ་སྐུལ་སྤེལ་བྱས་ཏེ་དམིགས་ཡུལ་དང་སྒྲིག་འཛུགས་ཡོད་པའི་འགོ་ནས་སློབ་མ་རྣམས་སྤྲོ་སྣང་ལྡན་པའི་ངང་ནས་འཚར་ལོངས་ཡོང་བ་བྱེད་དགོས།

        སློབ་ཕྲུག་གི་ལུས་སེམས་འཚར་ལོངས་བྱེད་བཞིན་པའི་དུས་རིམ་དེར་ནོར་འཁྲུལ་ཕྲན་བུ་ཡོང་བ་ནི་སྲིད་པ་ཞིག་ཡིན་པས་ང་ཚོས་གནད་དོན་དེར་ཡང་དག་པའི་ལྟ་སྟངས་ཀྱི་ཐོག་ནས་ཐག་གཅོད་བྱ་དགོས་པ་ལས་འཇིགས་སྐུལ་དང་ཟུར་ཟ་འཕྱ་དམོད་སོགས་བྱ་མི་རུང་བ་སྟེ་དེ་ལྟར་བྱས་ཚེ་ལོ་ན་ཆུང་བའི་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུའི་འགོག་རྐྱེན་ཤུགས་ཆེན་བཟོ་སྲིད་པ་མ་ཟད། ཐ་ན་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཀྱང་ཐོན་སྲིད།

        མཚར་སྡུག་རྣམ་པར་བཀྲ་བའི་ལྡུམ་རའི་ནང་གི་མེ་ཏོག་ཞལ་ཁ་ཕྱེ་བཞིན་པའི་སློབ་ཆུང་སློབ་མའི་ཁྲོད་སློབ་མར་འཕེལ་རྒྱས་ཀྱི་ལྟ་སྟངས་ཐོག་ནས་ལྟ་དགོས་པ་ལས་ཀླད་པ་སྤྱང་ལོད་དང་ནུས་པ་ཆེ་ཆུང་གིས་སློབ་མའི་མ་འོངས་པའི་མདུན་ལམ་དང་འཕེལ་རྒྱས་གཏན་འཁེལ་བྱ་མི་རུང་སྟེ་དགེ་རྒན་གྱིས་སློབ་མའི་དགེ་མཚན་དང་ལེགས་ཆ་མཐོང་བ་བྱས་ནས་ཁོང་ཚོའི་འཇོན་ཐང་བཏོན་སའི་གར་སྟེགས་བསྐྲུན་ནས་ཁོང་ཚོའི་དགེ་མཚན་སྔོག་འདོན་བྱ་རྒྱུར་སྐུལ་མ་གཏོང་དགོས་ལ་དགེ་རྒན་གྱིས་སློབ་མར་འདང་ངེས་ཀྱི་བྱ་འགུལ་སྟོང་ཆ་བཞག་ནས་ཁོ་ཚོར་ཕུགས་བསམ་འཛུགས་པ་དང་མིག་རྒྱང་རིང་དུ་གཏོང་བ་མ་ཟད། གསར་གཏོད་གསར་འབྱེད་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་དགོས། སློབ་ཚན་སྦྱངས་འབྲས་ཀྱི་སློབ་མའི་ངོས་ཆུང་ཆུང་ཞིག་ལས་མི་མངོན་པས་དེའི་སློབ་སྦྱོང་གི་སྦྱངས་འབྲས་དང་རིག་སྟོབས་ཚད་ལེན་བྱེད་མི་རུང་སྟེ་དགེ་རྒན་གྱིས་དེའི་ཐད་ལ་ནོར་འཁྲུལ་མི་ཉུང་བ་ཞིག་ཤོར་བཞིན་ཡོད་པ་སྟེ་སྐར་གྲངས་དང་ཨང་རིམ་གྱི་དབྱེ་བ་དེས་སློབ་མའི་རང་བརྩིའི་སེམས་པར་ཕོག་ཐུག་ཆེན་པོ་བཟོ་གི་ཡོད། སློབ་མར་དགོས་རྒྱུ་ནི་འདྲ་མཉམ་མཉམ་རོགས་དང་གོ་སྐོན་སློབ་གསོ་བྱ་རྒྱུ་ལས་ཤེས་བྱ་བཙན་དབང་གིས་སྦྱོང་དུ་བཅུག་ན་དེ་ལས་ལྡོག་པའི་ནུས་པ་ཐོན་སྲིད།

        མི་ལ་སློབ་གསོ་གཏོང་རྒྱུ་དང་ལྷུ་ལག་ལས་སྣོན་བྱ་རྒྱུ་གཉིས་ལ་ངོ་བོའི་ཐོག་ནས་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པ་སྟེ་དེ་ལ་ལག་རྩལ་སྒྱུར་བཅོས་ཐེངས་རེ་གཉིས་བྱས་ནས་ལེགས་སྒྲུབ་ཡོང་བ་དེ་མིན་པ་སྟེ་དེ་ནི་གཅེས་སེམས་ཀྱིས་ཁེངས་ཤིང་། དེར་བརྟེན་ཪྙོག་དྲ་ཚ་ལ་འགྱུར་བ་མང་བ་རྒྱུན་རིང་ཞིང་མིའི་ངོ་བོའི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་ཡིན་པས་ཁོ་བོས་བསམས་ཚེ་ལོ་ན་ཕྲ་བའི་སློབ་ཆུང་སློབ་མ་སྐྱོན་བྲལ་ངང་གསོ་སྐྱོང་བྱེད་པའི་ཐབས་ལམ་ཁྲོད་དུ་སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཀྱི་ཐབས་ཤེས་བེད་སྤྱོད་དང་འཁྲུག་ཆ་དོད་ལ་སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་གལ་ཆེ་སྙམ།

        (འདམ་གཞུང་རྫོང་སློབ་གསོ་ལུས་རྩལ་ཅུས་སློབ་དཔྱོད་ཁང་གི་ཡེ་ཤེས་དཔལ་འབྱོར་གྱིས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།