དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་དམའ་རིམ་འཛིན་གྲྭའི་ཡིག་གཟུགས་སློབ་ཁྲིད་ཀྱི་གལ་ཆེའི་རང་བཞིན་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-08

        དེ་ཡང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་ཞལ་ནས་འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། དང་པོ་ཉིད་ནས་འདི་ལ་འབད་པར་གཅེས། ཞེས་པས་མདུན་བསུས་ཏེ་དང་པོ་ཉིད་ནས་སློབ་ཆུང་དམའ་རིམ་འཛིན་གྲྭའི་ཡིག་གཟུགས་སློབ་ཁྲིད་ལ་དོ་སྣང་དང་མཐོང་ཆེན་བྱ་རྒྱུ་དེ་འགོ་ཡག་པོ་ཞིག་འཛུགས་ཐུབ་ཚེ་རྒྱལ་ཁའི་ཕྱེད་ཞེས་ལྟར་སློབ་མ་སྒེར་གྱི་ཕྱིན་འབྱུང་གི་སློབ་སྦྱོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ལ་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇོག་རྒྱུ་དང་གཞུང་དྲང་གི་གཤིས་རྒྱུད་ཆགས་རྒྱུར་སྨན་པ་ཞིག་ཡིན་པས་བྱང་ཚད་སློབ་གསོའི་བླང་བྱ་དང་མཐུན་པ་ཞིག་ཡིན།

        སློབ་ཆུང་དམའ་རིམ་འཛིན་གྲྭའི་དུས་རིམ་ནི་ཡིག་གཟུགས་ཀྱི་རྨང་གཞི་འདིང་བའི་རྫོགས་ལྡན་དུས་ཚོད་ཤིག་ཡིན་པས་གོ་སྐབས་དེ་གཅེས་འཛིན་བྱས་ཏེ་ལོ་རིམ་དང་པོའི་སློབ་མར་ཡིག་གཟུགས་ཡག་པོ་ཞིག་ཐོན་ཐུབ་པ་དགོས་ན་གཤམ་གསལ་ཕྱོགས་གསུམ་ཐད་ནས་དོ་སྣང་དང་དམ་འཛིན་བྱེད་དགོས་ཏེ། ལུས་ཚུགས་དང་། སྨྱུ་གུ་འཛིན་སྟངས། མིག་དཔེ་དང་ཁྲིད་སྟོན། སྐུལ་ལྕག་དང་སྦྱངས་པ་བཅས་སོ།

        ལུས་ཚུགས་དང་སྨྱུ་གུ་འཛིན་སྟངས།

        དང་པོ་ཉིད་ནས་ལུས་ཚུགས་དང་སྨྱུ་གུ་འཛིན་སྟངས་ཡང་དག་པ་ཞིག་འཇོག་ཐུབ་པ་བྱ་རྒྱུ་ནི་ཡིག་གཟུགས་ཡག་པོ་ཞིག་འབྲི་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་མ་ཟད་སློབ་མའི་ལུས་ཁམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུ་དང་འབྲེལ་བ་ཆེན་པོ་ཡོད་པས་དེ་ནི་ཡིག་གཟུགས་ཐོག་མར་བསླབ་དུས་ནས་བྱང་གོམས་སུ་འགྱུར་བ་བྱེད་དགོས། དེ་ཡང་འཇུ་མི་ཕམ་རྒྱ་མཚོས་རང་ལུས་དགྱེ་སྒུར་རན་པས་འབྲི་བར་བྱ་སྟེ་རྒྱབ་ཏུ་དགྱེ་ཆེ་ན་ཡི་གེ་མི་འགྲིག སྔོན་དུ་སྒུར་དྲགས་ན་ལུས་ཁམས་ལ་གནོད་པས་རང་གི་མདུན་དུ་དྲང་པོར་ཤོག་བུ་བཞག་ནས་བྲིས་ན་བདེ་ཞེས་གསུངས་ཡོད་པས། དགྱེ་སྒུར་རན་པ་ཞེས་པ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་སློབ་མར་ཤོག་བུ་ནས་མིག་དབར་སྨྱུག་སྣོད་སྒམ་གཅིག་གི་རིང་ཐུང་འཇོག་པ་དང་སྒྲོག་ཙེ་ནས་བྲང་ཁོག་བར་ཁུ་ཚུར་གཅིག་གི་ཧེ་བག་འཇོག་ཏུ་འཇུག་དགོས། དེ་ལྟར་བྱུང་ཚེ་གཅིག་ནས་མཇིང་ཚིགས་དང་སོག་སྲུབ་མི་ན་བར་འབྲི་བདེ་བ་དང་གཉིས་ནས་མིག་དང་འཚར་ལོངས་ལ་མི་གནོད་པའི་ཁྱད་ཡོད། སྨྱུ་གུ་འཛིན་སྐབས་གཡས་ཀྱི་མཐེ་མཛུབ་གཉིས་དབར་སྨྱུག་རྐང་དམ་ལྷོད་རན་པོ་འཛིན་པ་དང་སོར་མོ་འོག་མ་གསུམ་ནང་དུ་བསྐུམས་ནས་འབྲི་དགོས། དེ་ལྟར་བྱུང་ཚེ་སྨྱུག་ཁ་བསྐོར་བདེ་བའི་ཁྱད་ཡོད།

        མིག་དཔེ་དང་ཁྲིད་སྟོན།

        སློབ་ཆུང་གི་སྒོ་ཐེམ་འགམ་མ་ཐག་པའི་ལོ་རིམ་དང་པོའི་སློབ་ཕྲུག་གསར་པའི་བློ་་ངོར་གང་འདྲ་ཞིག་ཡིག་གཟུགས་ཡག་པོ་ཞིག་དང་ཚད་ལྡན་ཞིག་ཡིན་པའི་ངོས་འཛིན་གང་ཡང་མེད་པར་ཡུལ་ཆ་མེད་དུ་བསྐྱོད་པའི་ལམ་རྒྱུས་མེད་པའི་འགྲུལ་པ་ལྟ་བུ་ཡིན་པས། སྐབས་དེ་དུས་དགེ་རྒན་གྱིས་མིག་དཔེ་འདོན་རྒྱུ་དང་ཁྲིད་སྟོན་བྱ་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན། དགེ་རྒན་གྱིས་རྒྱུན་དུ་ནག་པང་སྟེང་ཡི་གེ་འབྲི་སྐབས་དང་སློབ་མའི་སྦྱོང་དེབ་ཐོག་ནོར་བཅོས་རྒྱག་སྐབས་ཐིག་ཟིན་སྟངས་དང་། སྨྱུག་འགྲོས་འཐེན་སྟངས། སྨྱུག་ཁ་སྐོར་ཚུལ། གཟུགས་ཉམས་འདོན་ཐབས། ལུས་དང་ཡན་ལག་གི་ཆ་ཚད། སྣག་ལམ་དང་དཀར་ཆའི་བར་མཚམས། སྨྱུག་འགྲོས་ཀྱི་སྦོམ་ཕྲ་རིང་ཐུང་སོགས་ཇེ་གཟབ་དང་ཇེ་ཡག་ཇེ་སྒྲོས་ཀྱི་ཚུགས་རིང་ཚད་ལྡན་འབྲི་དགོས་པ་ལས་མགྱོགས་ཆོད་དང་འཕྲལ་སེལ་བྱེད་མི་ཉན། དེ་ལྟར་བྱུང་ན་སློབ་མ་རྣམས་ཀྱི་རྒྱུད་ལ་བབ་ཆགས་བཟང་པོ་འཇོག་ཐུབ། གཞན་ཡང་སློབ་ཕྲུག་གིས་ཡིག་གཟུགས་ཡག་པོ་ཞིག་འབྲི་དགོས་ན། ཐོག་མར་དགེ་རྒན་རང་ཉིད་ཀྱི་ཡིག་གཟུགས་ཡག་པོ་ཞིག་དགོས་པས། དགེ་རྒན་རང་ཉིད་ཀྱིས་རྒྱུན་དུ་བྲིས་རྒྱུན་ལེགས་པའི་དགེ་རྒན་དང་བྲིས་དཔེ་ཚད་ལྡན་ཡུན་རིང་བསྟེན་ནས་སྦྱོང་རྒྱུ་དེ་ཡང་གལ་ཆེན་པོ་ཞིག་ཡིན།

        སྦྱངས་པ་དང་སྐུལ་ལྕག

        པིར་གྱི་རྩེ་མོ་བསྒུལ་བའི་ཡི་གེའི་གཟུགས། དཀར་འཇམ་ཤོག་བུའི་ངོས་སུ་གསལ་གྱུར་ཡང་། སོར་མོའི་རྩལ་ལ་སྦྱངས་པ་མ་མཆིས་ན། འབྲི་ཕྲེང་ཚར་དུ་དངར་བ་ཤིན་ཏུ་དཀའ། ཞེས་པ་ལྟར་རང་སྒེར་གྱི་རིག་པ་སྐྱེན་པོ་དང་བྲིས་རྒྱུན་ལེགས་པའི་དགེ་རྒན་དང་འབྲི་དཔེ་ཡོད་པའི་མཐུན་རྐྱེན་ཚང་རུང་དུས་ཡུན་རིང་པོའི་སྦྱངས་པ་མ་མཆིས་ན་ཡིག་གཟུགས་ལེགས་པོ་ཞིག་ཡོང་ཐབས་བྲལ་བའི་གནས་ལུགས་ནི་ཚང་མས་མཁྱེན་གསལ་ལྟར་སློབ་མ་རང་ཉིད་ཀྱིས་སྒྱིད་ལུག་དང་ལེ་ལོའི་དབང་དུ་མི་སོང་བར་དུས་རྒྱུན་དུ་སྦྱངས་བརྩོན་བྱེད་དགོས་རྒྱུའི་སློབ་གསོ་རྒྱག་དགོས། གཞན་ཡང་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་སློབ་མའི་ནོར་འཁྲུལ་ལ་ངང་རྒྱུད་རིང་པོས་དག་བཅོས་དང་། ཡར་རྒྱས་ཕྲན་བུ་ཡིན་རུང་ཁས་ལེན། ལེགས་ན་ལེགས་རབ་ལ་བསྔགས་བརྗོད་དང་སྐུལ་ལྕག་ལ་ཡང་ལྷོད་གཡེང་བྱེད་མི་ཉན།

        ཐོག་བརྩེགས་ཅན་གྱི་ཁང་བཟང་སྐྲུན་དགོས་ན་དང་པོ་ཉིད་ནས་རྨང་གཞི་བཟང་པོ་ཞིག་འདིང་དགོས་པ་ལྟར་ཕྱོགས་བསྡུས་བྱང་ཚད་ལྡན་པའི་དུས་རབས་གསར་པའི་ཤུལ་འཛིན་པ་ཞིག་གསོ་སྐྱོང་བྱེད་དགོས་ན་ཆུང་དུས་ནས་ཕྱོགས་ཁག་གི་རྨང་གཞི་བཟང་པོ་ཞིག་འདིང་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན། གཟུགས་ཡག་པོ་ཞིག་ཆགས་པ་བྱ་རྒྱུ་དེ་ཡང་འཕྲལ་མ་ཉིད་དུ་ཆགས་ཐུབ་པ་ཞིག་མིན་པར་དགེ་རྒན་གྱི་ཁྲིད་སྟོན་ཡང་དག་དང་། སློབ་མ་རང་ཉིད་ཀྱིས་དོ་སྣང་དང་སྦྱངས་པ། རྒྱུན་དུ་ཁྱིམ་བདག་གི་དྲན་སྐུལ་དང་གཞོགས་འདེགས་བྱ་རྒྱུ་དེ་ཡང་གལ་ཆེ་མཉམ་ཡིན།

        (སྟག་རྩེ་རྫོང་ཆ་ཚང་སློབ་ཆུང་གི་ཉི་སྒྲོན་གྱིས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།