དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • ཇི་ལྟར་བྱས་ཏེ་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-08

        སློབ་གྲྭ་ཞིག་ལ་ཆ་མཚོན་ན་སློབ་ཕྲུག་གི་སྤྱོད་ཡོན་གཉིས་ཀྱི་བྱང་ཚད་མཐོ་པོ་ཡོང་བའི་འགག་རྩ་ནི་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་དེ་ཡིན་ཞིང་། འཛིན་གྲྭའི་ཀྲུའུ་རེན་གྱི་འགན་ནུས་ལེགས་པོ་ཞིག་ཐོན་པར་ཁུར་སེམས་ཆེ་བའི་འཛིན་གྲྭའི་ཀྲུའུ་རེན་གྱི་དཔུང་ཁག་ཅིག་ཡོད་དགོས་པ་ནི་སྨོས་མེད་ཡིན་པས་དེར་བརྟེན་ཁོ་བོས་བསླབ་གཞི་སྒྱུར་བཅོས་ཀྱི་འོག་ཇི་ལྟར་བྱས་ཏེ་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་ལེགས་པོ་བསྒྲུབ་རྒྱུའི་ཐད་ལྟ་ཚུལ་འགའ་གླེང་བར་འདོད།

        དང་པོ། འཛིན་གྲྭའི་ཀྲུའུ་རེན་རང་ངོས་ཀྱི་བྱང་ཚད་གོང་མཐོར་གཏོང་དགོས་པའི་སྐོར།

        འཛིན་གྲྭའི་ལས་དོན་མཐའ་དག་ལེགས་སྒྲུབ་བྱེད་པར་འཛིན་གྲྭའི་ཀྲུའུ་རེན་རང་ངོས་ཀྱི་སྤྱོད་ཡོན་གཉིས་ཐད་ཀྱི་བྱང་ཚད་དེ་སྤྱིར་བཏང་དགེ་རྒན་ལས་ལྷག་པ་ཞིག་ཡོད་དགོས་ཀྱི་རེད། དེ་ཡང་འཛིན་གྲྭའི་ཀྲུའུ་རེན་ལ་རིགས་སྣ་ཚོགས་པའི་ཤེས་ཡོན་ཕུན་སུམ་ཚོགས་པོ་དང་། ཀུན་སྤྱོད་ཐད་མིག་དཔེའི་གཟུགས་བཪྙན་ལྡན་པ། ལས་ཀའི་ཐད་འཛིན་གྲྭའི་ཁྱོན་ཡོངས་ལ་བསམ་གཞིག་ཐུབ་པ་དང་། སློབ་མ་སྒེར་གྱི་གནས་ཚུལ་ཡོངས་སུ་རྟོགས་ཏེ་སློབ་ཁྲིད་དང་། སློབ་གསོའི་ཐད་ཅི་བྱེད་སྟངས་འཛིན་གྱི་འཇོན་ཐང་ངེས་ཅན་ལྡན་པ། སློབ་གྲྭའི་ཁྱོན་ཡོངས་ཀྱི་དམིགས་ཚད་དང་ལས་འགན་དང་ལེན་བྱེད་ནུས་ལྡན་པ་སོགས་འཇོན་ཐང་དམིགས་བསལ་ལྡན་པ་ཞིག་ཡོད་དགོས་ཀྱི་རེད།

        དེར་བརྟེན་འཛིན་གྲྭའི་ཀྲུའུ་རེན་རང་ངོས་ཀྱི་བློ་རིག་དང་འཇོན་ཐང་ལ་བརྟེན་ནས་སློབ་མའི་སེམས་ཁོངས་སུ་འདི་ལྟ་བུའི་སྙན་གྲགས་ཤིག་འཛུགས་ཐུབ་ན་སློབ་མའི་ལས་དོན་བདེ་བླག་ངང་བསྒྲུབ་རྒྱུར་མཐུན་རྐྱེན་བཟང་པོ་ཞིག་སྐྲུན་ཐུབ་པ་སྨོས་མེད་རེད། དེ་ལྟ་བུའི་སྙན་གྲགས་ཤིག་འཛུགས་པར་ཡང་ཕྱོགས་གསུམ་གྱི་ཐད་ལ་འབད་བརྩོན་བྱེད་དགོས། གཅིག ཤེས་བྱ་གསར་པས་རང་ཉིད་ཀྱི་ཤེས་ཚད་མཐོ་རུ་བཏང་ནས་ཤེས་ཡོན་གྱིས་ཕྱུག་པའི་འཛིན་གྲྭའི་ཀྲུའུ་རེན་ཞིག་བྱ་རྒྱུར་འབད་བརྩོན་བྱེད་དགོས། གཉིས། དགེ་རྒན་རང་ངོས་ཀྱི་ཀུན་སྤྱོད་ལ་སྣང་ཆེན་བྱས་ནས་སློབ་མའི་མིག་དཔེ་བལྟ་ས་ཆགས་པར་འབད་བརྩོན་བྱེད་དགོས། གསུམ། ལྟ་ཞིབ་དང་དབྱེ་ཞིབ་ཀྱི་ནུས་པ། ཁ་ཚོན་གཅོད་པའི་ནུས་པ། སྒྲིག་འཛུགས་མཐུན་ཐབས་ཀྱི་ནུས་པ། གཏམ་བཤད་དང་གླེང་མོལ་གྱི་ནུས་པ་སོགས་ནུས་པ་གང་མང་ལྡན་པའི་འཛིན་གྲྭའི་ཀྲུའུ་རེན་ཞིག་ཆགས་པར་འབད་བརྩོན་བྱེད་དགོས།

        གཉིས་པ། ནན་ཏན་གྱིས་སློབ་མའི་ལས་དོན་ཁག་སྒྲུབ་དགོས་པའི་སྐོར་།

        འཛིན་གྲྭའི་ཀྲུའུ་རེན་རང་ངོས་ཀྱི་བྱང་ཚད་མཐོར་འདེགས་གཏོང་ཞོར་དུ་གཤམ་གྱི་ལས་དོན་ཁག་བསྒྲུབ་རྒྱུ་ནི་གལ་ཆེ་སྟེ། དེ་ཡང་། གཅིག འཛིན་གྲྭའི་སློབ་མ་ཡོངས་ཀྱི་སློབ་སྦྱོང་དང་ཀུན་སྤྱོད་ལ་འཛིན་པའི་ལྟ་བ་བཟང་པོ་ཞིག་བཙུགས་ནས་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱ་རྒྱུའི་བསམ་པའི་འདུ་ཤེས་དང་། སྤྱི་རྫས་ལ་བདག་གཅེས་བྱ་རྒྱུའི་བསམ་པའི་འདུ་ཤེས། ཐུན་མོང་ལ་འཛིན་པའི་བསམ་པའི་འདུ་ཤེས། རྒྱལ་གཅེས་རིང་ལུགས་ཀྱི་བསམ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་གཤིས་རྒྱུད་སོགས་སྐྱེད་བསྲིང་བྱས་ཏེ། རིམ་བཞིན་ཡང་དག་པའི་མི་ཚེའི་རྣམ་འགྱུར་དང་རིན་ཐང་གི་ལྟ་བ་ཆགས་སུ་འཇུག་དགོས། གཉིས། སྒྲིག་འཛུགས་ཀྱི་འགན་ནུས་ཆེ་བ་དང་། ཁ་གསལ་དྲང་བདེན་ཡོད་པ་རང་དཔེ་གཞན་སྟོན་དང་དགེ་སློབ་དབར་ལ་གནས་ཚུལ་དུས་ཐོག་སྙན་སེང་དང་གསལ་བཤད་ཐུབ་མཁན་གྱི་ཕུལ་བྱུང་སློབ་མ་འཛིན་གྲྭའི་ལས་བྱེད་དཔུང་ཁག་ལ་འདེམས་བསྐོ་བྱ་དགོས།

        གསུམ་པ། ཚན་རིག་དང་མཐུན་པའི་ཆེས་སྔོན་ཐོན་གྱི་ལས་ཀ་བྱེད་ཐབས་སྤེལ་ཏེ་བློ་ཁོག་ཆེན་པོས་འཛིན་གྲྭའི་སློབ་མ་རྣམས་དོ་དམ་བྱས་ཏེ། སློབ་གྲྭའི་སྒྲིག་སྲོལ་ཁག་གི་གཏན་འབེབས་ལྟར་དངོས་ཐོག་བདེན་འཚོལ་གྱིས་ལས་དོན་སྒྲུབ་དགོས།

        བཞི་པ། དཔེ་གཞིར་འགྱུར་པའི་འཛིན་ཚོགས་དང་རུ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་མཐོང་ཆེན་བྱེད་དགོས་ཤིང་། བྱེད་སྒོ་ཁག་གི་གནད་སྨིན་རང་བཞིན་གཙིགས་ཆེན་དུ་བཟུང་ནས། རྒྱུན་དུ་སྤེལ་བའི་བྱེད་སྒོ་ཁག་གིས་སློབ་མའི་སློབ་སྦྱོང་དང་། ཀུན་སྤྱོད། སྒྲིག་ཁྲིམས། རིན་ཐང་གི་ལྟ་བ་བཅས་ཀྱི་ཐད་ལ་འཛིན་པའི་བསམ་ཕྱོགས་བཟང་པོ་ཞིག་འཛུགས་ཐུབ་པ་བྱ་རྒྱུ་དང་། སློབ་མའི་མ་འོངས་པའི་གཏམ་སྤྱོད་ལ་མཛུབ་སྟོན་ཐུབ་པ་བྱ་དགོས། དཔེ་གཞི་དེ་ཚོ་སྤྱི་ཚོགས་ཤུགས་རྐྱེན་དང་། སློབ་མའི་བསམ་ཕྱོགས། འཕྲལ་འབྱུང་དོན་རྐྱེན་སོགས་ལ་གཞི་འཛིན་ནས་གཏན་འཁེལ་བྱ་དགོས། དཔེར་ན་སློབ་མར་རྒན་བཀུར་གཞོན་གཅེས་ཀྱི་སློབ་གསོ་རྒྱག་པའི་འཛིན་ཚོགས 《མཐུན་པ་སྤུན་བཞི 》ལྟ་བུ་དང་། མི་ཚེར་ཡང་དག་གི་ལྟ་བ་འཛིན་དགོས་པར་སློབ་གསོ་རྒྱག་པའི་འཛིན་ཚོགས་《ལས་དབང་རྡོག་རུལ་དུ་བཏང་བ 》ལ་སོགས་ཀྱི་གསོན་ཉམས་ལྡན་པའི་དཔེ་གཞི་དྲངས་ནས་སློབ་མར་སློབ་གསོ་རྒྱག་དགོས།

        ལྔ་པ། འཛིན་གྲྭའི་ཀྲུའུ་རེན་གཅིག་པུ་ཡི་འཇོན་ཐང་དང་ནུས་པས་སློབ་གསོའི་བྱ་བ་ལེགས་གྲུབ་ཐུབ་མི་སྲིད་པས། སློབ་ཁྲིད་དགེ་རྒན་དང་ཁྱིམ་བདག་བཅས་དབར་གྱི་འབྲེལ་བ་མཐུན་ཐབས་བྱས་ནས་དུས་དང་རྣམ་པ་ཀུན་དུ་ཁོང་ཚོ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པ་བརྒྱུད་སློབ་གྲྭའི་སློབ་གསོ་དང་། ཁྱིམ་ཚང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་གསུམ་གོམ་སྟབས་གཅིག་གྱུར་ཐོག་སློབ་གསོའི་དམིགས་ཡུལ་འགྲུབ་པར་ཤུགས་སྣོན་རྒྱག་དགོས།

        མདོར་ན། སློབ་མས་འཚོ་བ་སྐྱེལ་ཤེས་པ་དང་། སློབ་སྦྱོང་བྱེད་ཤེས་པ། གཞན་ལ་སེམས་ཁུར་བྱེད་ཤེས་པ། ལས་ཀ་བྱེད་ཤེས་པ་བཅས་ཀྱི་སློབ་གསོའི་བརྒྱུད་རིམ་ཁྲོད། སློབ་ཆུང་འཛིན་གྲྭའི་ཀྲུའུ་རེན་ལས་དོན་གྱི་ནང་དོན་ནི་ཪྙོག་འཛིང་ཆེ་ལ། ལས་འགན་ཡང་ཧ་ཅང་གི་ལྗིད་རྫོབ་ཆེན་པོ་ཞིག་ཡིན་མོད། འོན་ཏེ་དགེ་རྒན་གྱིས་ལྷག་བསམ་རྣམ་དག་གིས་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་། ལག་ལེན་དངོས་ལས་འཇོན་ཐང་དང་ཐབས་ཤེས་སོགས་གང་མང་གསོག་འཇོག་གིས་ཚན་རིག་གི་ལྟ་བ་དང་མཐུན་པའི་ལས་ཀའི་ཐབས་ཤེས་འཚོལ་ཞིབ་བྱས་ཏེ་ལག་ལེན་གྱི་ཁྲོད་ནས་ཕུལ་དུ་བྱུང་བའི་འཛིན་གྲྭའི་ཀྲུའུ་རེན་ཐོན་པ་དང་། འཛིན་གྲྭའི་ཀྲུའུ་རེན་གྱིས་བསྐྱངས་པའི་ཕུལ་བྱུང་འཛིན་གྲྭ་དང་སློབ་མ་གང་མང་ཐོན་པ་བྱས་ཚེ་བསླབ་གཞི་སྒྱུར་བཅོས་ཀྱི་དམིགས་འདུན་རིམ་གྱིས་སྒྲུབ་ཐུབ་སྙམ་པ་བཅས་སོ།

        (ལྷ་ས་ཀོང་ཤིའི་མཛའ་གྲོགས་སློབ་ཆུང་གི་བྱམས་པ་རྒྱལ་མཚན་གྱིས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།