དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • ཁྱིམ་ཚང་སློབ་གསོས་སློབ་མར་བཞག་པའི་བག་ཆགས་མདོ་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-08

        ཁྱིམ་ཚང་ནི་ཕྲུ་གུ་རྣམས་ཀྱི་སློབ་གྲྭ་དང་པོ་དེ་ཡིན་ལ། ཕ་མ་གཉིས་ནི་ཕྲུ་གུ་རྣམས་ཀྱི་དགེ་རྒན་དང་པོ་དེ་ཡིན་ཞིང་ཁྱིམ་ཚང་ནི་རང་རེའི་བྱིས་པ་རྣམས་ལ་སྤྱི་ཚོགས་འཚོ་བའི་ཉམས་མྱོང་བརྒྱུད་སྤྲོད་བྱེད་པའི་འགོ་འཛུགས་ས་ཞིག་ཡིན་ལ་ སྤྱི་ཚོགས་འཚོ་བའི་རྨང་གཞི་ཞིག་གམ་ཡང་ན་སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཐོག་མའི་འགོ་འཛུགས་ས་ཡིན་པས་བྱིས་པ་རྣམས་ཀྱི་འགྲོ་འདུག་གང་ལའང་ཁྱིམ་ཚང་སོ་སོའི་ཁྱིམ་མིའམ་ཕ་མ་ཟུང་གིས་འཇོག་རྒྱུའི་བག་ཆགས་བཟང་ངན་ལ་རག་ལས་ཀྱི་ཡོད་པར་བརྟེན “ཕ་རྒྱུད་བུ་ལ་མ་འཁྲིད་ན། རི་བོང་ཤོ་ཏོ་ག་ནས་ཡོང ”ཞེས་པ་ལྟར་བྱིས་པ་རྣམས་ལ་འགོས་སླ་ཤོས་དང་། ལད་མོ་བྱེད་སླ་ཤོས་ནི་ཁྱིམ་དེ་ཉིད་ཀྱི་ཁྱིམ་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་བྱ་བྱེད་རྣམས་ཡིན་པ་གོར་མི་ཆག

        ཕ་མ་གཉིས་ཕན་ཚུན་བརྩི་མཐོང་ཆེ་ལ་ནང་མི་རྒན་གཞོན་བར་ལ་ཡ་རབས་དང་། གཅེས་སྐྱོང་གི་ལུགས་དང་ལྡན་པ་ཞིག་ཡིན་ན་ཁྱིམ་དེར་འཚར་ལོངས་བྱུང་བའི་བྱིས་པའམ་ཕྲུ་གུ་དེ་ལྟར་ཡ་རབས་ཚུལ་ལྡན་ཞིག་ཡོང་བ་དང་ཕ་མ་གཉིས་ཀྱིས་གཙོས་པའི་ནང་མི་རྒན་གཞོན་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་བརྩི་མཐོང་སོགས་གང་ཡང་མེད་པར་མ་རབས་ཀྱི་གཏམ་ཁོ་ནས་འཚོ་བའི་ཁྱིམ་ཚང་ཡིན་ན་དེ་ནས་ཆེར་ལོངས་བྱུང་བའི་ཕྲུ་གུའི་སྤྱོད་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་པ་རང་རེ་ཚང་མས་ཧ་གོ་དོན་གསལ་ཡིན་པར་ཤོད་ཅི་དགོས། དེ་བཞིན་ཕ་མ་གཉིས་ནས་ཕྲུ་གུར་སེམས་ཁུར་དང་གཅེས་སྐྱོང་ཡོད་རིགས་ཀྱི་ཕྲུ་གུའི་ཁྱིམ་ཚང་སློབ་གསོ་དང་། ཕ་མ་མེད་པའི་དྭ་ཕྲུག་གམ་ཡང་ན་གསོས་ཕྲུག་གི་ཁྱིམ་ཚང་སློབ་གསོར་ཡང་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པ་དེ་ཐོག་ནས་ཕ་མའི་སློབ་གསོ་དང་། ཡང་ན་ཁྱིམ་ཚང་གི་སློབ་གསོ་དེ་གལ་འགངས་ཆེན་པོ་ཡིན་པ་དེ་ཡང་ཞོར་ལ་གསལ་བཤད་བྱེད་ཐུབ་པ་ཡིན་པས་ཕ་མ་གཉིས་ཀྱིས་གཙོས་ཁྱིམ་མི་ཡོངས་ནས་ཕྲུ་གུའི་མདུན་དུ་མི་གང་འདྲ་ཞིག་དང་གཏམ་གླེང་བྱེད་པའམ་ལས་སུ་བྱ་བ་གང་འདྲ་ཞིག་བརྩམས་ཀྱང་། ཕྲུ་གུ་ནི་ཕྲུ་གུ་རང་ཡིན་པས་ དེའི་མདུན་དུ་ངས་བྱ་བ་ཅི་འདྲ་ཞིག་བྱས་ཀྱང་ཁོས་གང་ཡང་ཤེས་ཀྱི་མ་རེད་སྙམ་པའི་འདོད་ཚུལ་འདི་འཛིན་པ་ནི་རང་གི་ཕྲུ་གུའི་མདུན་དུ་འཁྲབ་སྟོན་དཔེ་ཁྲིད་བྱེད་པ་དང་ཁྱད་པར་གང་ཡང་མེད་པས་རང་གི་འཁྲབ་སྟོན་བྱེད་རྒྱུའི་ནང་དོན་བཟང་ངན་གྱིས་བུ་ཁྱོད་ནས་ཀྱང་འདི་ལྟ་བྱེད་ཅེས་སྐུལ་མ་བྱེད་པ་དང་གཉིས་སུ་མེད་པས་ཁྱིམ་བདག་གིས་རང་གི་སྤྱོད་ལམ་ཐད་ངེས་པར་དུ་གཟབ་ནན་བྱེད་པའི་དགོས་པ་ཆེན་པོ་ཡོད། གཤམ་དུ་ཕྲུ་གུ་ཚོར་བག་ཆགས་འཇོག་སླ་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁོར་ཡུག་སྣ་ཚོགས་ལས་ཟུར་ཙམ་ཞིག་འགོད་པར་བྱས་ན།

        བྱིས་པའི་ཤེས་ཚད་ལ་མཐོང་ཆེན་བྱེད་པ་ལས་ཡང་དག་པའི་སློབ་གསོའི་ཁ་ཕྱོགས་བསྟན་རྒྱུར་ལྷོད་གཡེང་ཤོར་བ།

        ཁྱིམ་ཚང་འགའ་ཞིག་གིས་བྱིས་པའི་ཤེས་ཚད་ལ་དོ་སྣང་བྱེད་ཁུལ་གྱིས་འགྲོ་གྲོན་ཅི་ཆེའི་སྒོ་ནས་རོལ་མོའི་ཡོ་བྱད་ཀང་ཇིན་དང་ཧྲའོ་ཧྥུང་ཇིན་སོགས་ཉོ་རྒྱུ་དང་། དེ་བཞིན་སློབ་སྤྱོད་ཡོ་བྱད་དཔེར་ན་གློག་ཀླད་ཀྱིས་གཙོས་པའི་ཡི་གེ་ངོས་འཛིན་སློབ་ཆས་དང་། དེ་བཞིན་དབྱིན་ཡིག་སྦྱོང་སྤྱོད་ཀྱི་ཡོ་བྱད་སྣ་ཚོགས་སོགས་ཉོ་རྒྱུ་དེ་དག་གལ་ཆེ་དོན་ཆེར་འཛིན་རུང་སློབ་གྲྭའི་ནང་དུ་སུའི་ཕྲུ་གུ་ཆ་རྐྱེན་བཟང་བ་འདུག་གམ་བལྟ་རྒྱུ་ཙམ་ལས་དེ་དག་སྦྱོང་བའི་དགོས་པ་དང་། རྒྱུ་མཚན་དམིགས་ཡུལ་སོགས་ཀྱི་སློབ་སྟོན་གང་ཡང་མེད་པ་དེ་ནི “ཕྱི་གོས་ཆེན་གྱི་རྩམ་ཁུག་ལ་ནང་ཡུག་རྩམ་”གྱི་དཔེ་རུ་ཟད་པ་ལས་གཞན་གྱི་དགེ་མཚན་མངོན་གསལ་ཅན་གང་ཡང་མི་ཐོན། ཡང་ཁྱིམ་ཚང་འགའ་ཞིག་གིས་རང་གི་ཕྲུ་གུ་ཉིན་གཅིག་གི་སློབ་སྦྱོང་མཇུག་འགྲིལ་ཏེ་ནང་དུ་སླེབས་སྐབས་ཁྱོད་ཀྱིས་བྱིས་པའི་གཞས་ཤེས་སོང་ངམ། བྱིས་སྒྲུང་ཤོད་ཤེས་སོང་ངམ། འཛིན་གྲྭའི་ནང་ནས་ཨང་ཇི་ཙམ་ལ་སླེབས་སམ་སོགས་ཀྱི་ཐོབ་ཤོར་གྱི་དྲི་བ་སྐམ་པོ་འདོན་རྒྱུ་ཙམ་ལས་གཞས་ཚིག་གི་ནང་དོན་དང་། དོན་སྙིང་། སྒྲུང་གི་སྙིང་དོན་གང་ཡིན་མིན། དེས་ཁྱོད་ལ་སློབ་གསོ་གང་ཐེབས་པ་སོགས་ཀྱི་དོན་ལྡན་གྱི་དྲི་བ་འདོན་མཁན་ཆེས་ཤིན་ཏུ་ཉུང་། དེ་བཞིན་དགེ་རྒན་གྱིས་ཁྱོད་ཀྱི་ཕྲུ་གུ་དེ་ཀླད་པ་སྤྱང་ལ་དྲན་རྒྱུ་རྒོད་ཅིང་གྲུང་ཤ་དོད་པོ་ཞིག་འདུག་ཅེས་བསྔགས་བརྗོད་བྱེད་དུས་དགའ་འཛུམ་གྱི་རྣམ་འགྱུར་མེ་ཏོག་བཞད་པ་ལྟར་སྟོན་གྱི་ཡོད། འོན་ཏེ་ཁྱོད་ཀྱི་ཕྲུ་གུར་ཡ་རབས་བཟང་པོའི་ལྟ་སྤྱོད་ཙམ་ཡང་མི་འདུག་ཅེས་སྐྱོན་བརྗོད་བྱས་ན་ངོ་ནག་རྫ་རི་ལུག་འདྲ་ཞིག་འདོན། དོན་དམ་དུ་རང་གི་ཁྱིམ་ཚང་སློབ་གསོ་གང་འདྲ་ཞིག་ཡོད་པ་བསྟན་པ་ཡིན། དེ་ལྟ་བུའི་ཁྱིམ་ཚང་སློབ་གསོ་ནི་ངས་དེ་སྦྱངས་དང་ཕ་གི་སྦྱངས་ཀྱི་གྲངས་གསོག་ཙམ་ལས་དོན་དུ་རང་གི་ཕྲུ་གུ་རང་གིས་དྲིན་ཆུང་དུ་གཏོང་བ་ལྟ་བུ་ཞིག་ཆགས་འགྲོ་བ་ཡིན་པས་རང་གཞན་ཚང་མས་གཟབ་འོས་ཀྱི་གནས་སུ་མཐོང་དགོས་པ་ཅིས་ཀྱང་གལ་ཆེ་བ་ཞིག་ཡིན།

        བྱིས་པས་རང་ངོས་ཀྱི་སྤུས་ཚད་དང་ བྱང་ཚད་ལ་སྣང་ཆུང་ཤོར་བའི་སྐོར།

        ང་ཚོ་ཁྱིམ་བདག་གི་མིང་འཁུར་བ་ཚང་མས་སོ་སོའི་ཕྲུ་གུར་རེ་བ་དང་དམིགས་ཚད་མཐོ་པོ་འདོན་གྱི་ཡོད་པ་གཅིག་མཚུངས་ཡིན། འོན་ཀྱང་ལ་ལའི་ཕྲུ་གུར་གང་ཅིར་གྲུབ་འབྲས་བཟང་པོ་ཐོབ་པ་དང་། ལ་ལར་གྲུབ་འབྲས་དེ་ཙམ་ལེགས་པོ་མི་ཐོབ་པའི་རྒྱུ་རྐྱེན་ནི་ཁྱིམ་ཚང་སློབ་གསོ་དང་འབྲེལ་བ་དམ་པོ་ཡོད་དེ་རང་ཁྱིམ་གྱི་རྒན་དར་གཞོན་གསུམ་ཚང་མས་ཕྲུ་གུའི་སློབ་སྦྱོང་ལ་དོ་གལ་ཆེ་མདོག་གིས་ཕྲུ་གུར་རྫིག་རྫིག་གཏོང་མཁན་དེ་འདྲ་དང་། རྒྱུན་དུ་ཁྱིམ་ལ་ཡ་རབས་དྲ་མའི་སྲོལ་བཟང་གི་མིག་ལྟོས་ཡར་འདྲེན་གྱི་སྣང་བ་ཙམ་ཡང་མེད་པར་ཆང་རག་འཐུང་འདྲེན་གྱི་ཀླག་ཅོར་ཆེ་ཞིང་རྒྱན་འཛུགས་ཤོ་སྦག་གི་འུར་ཟིང་གིས་ཁེངས་པ་ཞིག་ཡིན་ན་རང་གི་ཕྲུ་གུར་བག་ཆགས་ངན་པོ་བཞག་ནས “ཕ་རི་བོང་ཁ་ཤོ་ལ་བུ་རི་བོང་ཤོ་ཏོ་ཞིག ”འབྱུང་བ་ཆོས་ཉིད་དུ་གྲུབ་བོ།

          ཕྲུ་གུ་སློབ་གྲྭ་ལེགས་གྲས་སུ་གཏོང་རྒྱུར་དོ་སྣང་བྱེད་པ་ལས་རང་གི་གནས་བབ་དང་ཁོར་ཡུག་ལ་མི་བལྟ་བའི་སྐོར།

         ཁྱིམ་ཚང་གང་འདྲ་ཞིག་ཡིན་ཡང་རང་གི་ཕྲུ་གུ་སློབ་གྲྭ་ལེགས་གྲས་ཤིག་ལ་གཏོང་དགོས་པ་ལོས་བདེན། འོན་ཏེ་ཕྲུ་གུའི་སློབ་སྦྱོང་གི་རྨང་གཞི་དང་། ཁྱིམ་ཚང་སོ་སོའི་གང་ཅིའི་གནས་འབབ་སོགས་ལ་མི་བལྟ་བར་ཕྲུ་གུར་སློབ་གྲྭ་དྲག་འདེམས་བྱས་ན་ཕྲུ་གུ་རང་ཉིད་དང་། ཁྱིམ་ཚང་གཉིས་ཀར་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་བ་དཔེར་ན། ཕྲུ་གུ་སོ་སོའི་སློབ་སྦྱོང་གི་རྨང་གཞི་དེ་ཙམ་ཡག་པོ་མེད་པར་སློབ་གྲྭ་དྲག་གྲས་ཞིག་ལ་ཚུད་ཐབས་བྱས་རུང་དུས་ཚོད་གང་འཚམས་ནས་འཛིན་གྲྭའི་ཕྲུ་གུ་གཞན་རྣམས་ཀྱི་རྗེས་ཟིན་དཀའ་བས་ཕྲུ་གུར་དཀའ་ངལ་ཆེན་པོ་ཡོང་བ་སྨོས་མེད་ཐོག་ཕ་མ་རང་ངོས་ལ་སློབ་གྲྭའི་དགེ་རྒན་སོ་སོའི་བཀའ་བཀྱོན་གང་མང་བཟེད་དགོས་པས་ཁྱིམ་བདག་མང་པོའི་དཀྱིལ་དུ་དམའ་ཞན་པོ་བྱུང་བ་སོགས་ཀྱིས་ཕ་མས་ཕྲུ་གུར་འཛིན་པའི་ལྟ་སྟངས་འགྱུར་ལ་ཕ་མ་དང་ཕྲུ་གུའི་བར་འགལ་བ་འདྲ་མིན་བྱུང་། གལ་སྲིད་སྤྱིར་བཏང་གི་སློབ་གྲྭ་ཞིག་གི་ནང་གྲུབ་འབྲས་ལེགས་གྲས་སུ་སླེབས་ན་ཕྲུ་གུར་སློབ་སྦྱོང་བྱ་རྒྱུའི་དད་སེམས་དང་སྤོབས་སེམས་ཆེར་སྐྱེས་ནས “གཡག་གི་མཇུག་མ་ལས་ལུག་གི་མགོ་བོ་བདམས་པའི ”དཔེ་ལྟར་རོ། གཞན་ཡང་ཁྱིམ་ཚང་དང་སློབ་གྲྭའི་དབར་བར་ཐག་རིང་དྲགས་ན་ཁྱིམ་མིས་ཕྲུ་གུ་ཕར་སྐྱེལ་ཚུར་སྐྱེལ་བྱ་རྒྱུར་ཪྙོག་དྲ་ཚ་པོ་ཡོད་པར་བརྟེན་ཕྲུ་གུའི་སློབ་གྲྭ་དང་ས་ཁད་ཉེ་ས་ཞིག་ནས་ཁང་གླ་བསླས་ཏེ་ཞག་སྡོད་རྒྱུན་རིང་བྱ་དགོས་པས་ཁྱིམ་ཚང་གི་བྱ་བ་གང་ལའང་འཐུས་ཤོར་ཡོང་བ་དང་། ཡང་མོ་ཊ་ཡོད་པས་མོ་ཊས་སྐྱེལ་གྱི་ཡོད་ཀྱང་སྣུམ་གྲོན་ཆེ་ལ་སྔ་ལངས་ལ་འཚེར་བ་སོགས་དཀའ་ངལ་ཕྲ་རགས་མང་པོ་བརྒྱུད་དགོས་པས་རང་ཁྱིམ་གྱི་རྩ་བའི་གནས་འབབ་དང་། གནས་སར་དམིགས་ནས་ཕྲུ་གུའི་སློབ་གྲྭ་འདེམས་སྒྲུག་བྱ་རྒྱུ་དེ་ང་ཚོ་ཁྱིམ་ཚང་སོ་སོའི་ཁྱིམ་མི་ཚང་མའི་མོས་བསྡུར་ལ་བརྟེན་ནས་ཐག་གཅོད་གནང་ན་ཤིན་ཏུ་ལེགས་པར་མཐོང་བ་བཅས་སོ།།     (ལྷ་ས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་བཞི་པའི་ལྷག་ཚེ་ཆེ་བ )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།