དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • བོད་ཡིག་སློབ་ཁྲིད་བྱེད་ཐབས་ལེགས་སུ་གཏོང་རྒྱུར་འཚོལ་ཞིབ་རགས་ཙམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-08

        སྲོལ་རྒྱུན་བོད་ཡིག་སློབ་ཁྲིད་ཀྱི་ལྟ་བ་དང་ལྟ་བ་དེ་ལས་ཐོན་པའི་སློབ་ཁང་སློབ་ཁྲིད་ནང་དགེ་རྒན་དང་བཤད་ཁྲིད། བསླབ་གཞི་བཅས་གཙོ་བོར་འཛིན་པ་དང་སློབ་ཕྲུག་ནི་གཞན་དབང་དུ་གྱུར་པའི་ཤེས་བྱ་དང་ལེན་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་སྲོལ་རྒྱུན་སློབ་ཁྲིད་བརྒྱུད་རིམ་ནང་སློབ་ཁྲིད་གྲུབ་འབྲས་ལ་མཐོང་ཆེན་བྱེད་ཀྱང་བྱེད་པ་ལས་སློབ་ཁྲིད་བརྒྱུད་རིམ་དང་སློབ་ཕྲུག་གི་ཁྱོན་ཡོངས་ཀྱི་ནུས་པ་གསོ་སྐྱོང་ལ་སྣང་ཆུང་བྱེད་ཀྱི་ཡོད་པ་མ་ཟད། དགེ་རྒན་གྱི་མཛུབ་ཁྲིད་ནུས་པ་འདོན་ཐུབ་ཀྱང་སློབ་ཕྲུག་གི་གཙོ་བོའི་གནས་བབ་ལ་ལྷོད་གཡེངས་བྱེད་པ། བསླབ་གཞི་དང་བསྟུན་ནས་སློབ་ཁྲིད་བྱེད་པ་ལས་སློབ་ཕྲུག་གི་དམིགས་བསལ་ཁྱད་ཆོས་འདོན་སྤེལ་དང་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་ཐད་སྣང་ཆུང་བྱེད་ཀྱི་ཡོད། དེས་ན་རྒྱ་ཆེའི་བོད་སྐད་ཡིག་གི་དགེ་རྒན་རྣམ་པས་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་དགོངས་དོན་གཞིར་བཟུང་སློབ་ཁང་སློབ་ཁྲིད་ནང་སློབ་ཕྲུག་གཙོ་བོའི་གནས་བབ་ཐོག་འཇོག་པ་དང་དགེ་རྒན་ནི་མཛུབ་ཁྲིད་བྱེད་མཁན་གྱི་གནས་བབ་ཏུ་བཞག་ཐོག་སྔོན་ཐོན་གྱི་སློབ་ཁྲིད་ཐབས་ཤེས་གང་མང་སློབ་སྦྱོང་དང་འཚོལ་ཞིབ། གསར་སྤེལ། བཀོལ་སྤྱོད་བཅས་བྱས་ཏེ་སློབ་ཕྲུག་ཚོའི་གསར་གཏོད་འདུ་ཤེས་དང་གསར་གཏོད་སྙིང་སྟོབས་གསོ་སྐྱོང་བྱེད་དགོས་པ་མ་ཟད། ཁོང་ཚོའི་སློབ་སྦྱོང་བྱེད་པའི་དགའ་སྣང་འཕེལ་དུ་བཅུག་ནས་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པས་གཤམ་དུ་ཁོ་བོས་དེ་དང་འབྲེལ་བའི་སྐོར་ཅུང་ཟད་གླེང་རྒྱུ་ཡིན།

        གཅིག སློབ་ཕྲུག་གི་འབྲི་ཀློག་ཉན་བཤད་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུའི་སྐོར།

        བོད་སྐད་ཡིག་སློབ་ཁྲིད་སྐབས་སློབ་ཕྲུག་གི་འབྲི་ཀློག་ཉན་བཤད་ཀྱི་ནུས་པ་གསོ་སྐྱོང་བྱེད་པ་མ་ཟད། གསར་གཏོད་འདུ་ཤེས་དང་གསར་གཏོད་ནུས་པ་གསོ་སྐྱོང་བྱེད་དགོས། གང་ལགས་ཤེ་ན། སྐད་དང་ཡི་གེ་ནི་སྐད་ཡིག་སློབ་ཁྲིད་ཀྱི་གཙོ་གཞི་ཡིན་ལ་ནམ་རྒྱུན་ངག་ཐོག་ནས་བཤད་པའི་སྐད་ཆར་སྐད་ཅེས་ཟེར་བ་དང་། དེ་ནི་ངག་ནས་བརྗོད་རྒྱུ་ཞིག་དང་རྣ་བར་ཉན་རྒྱུ་ཞིག་ཡིན། ཡི་གེའམ་ཡིག་ཐོག་གི་སྐད་ཆར་ཡིག་ཅེས་ཟེར་ཞིང་། དེ་ནི་མིག་གིས་འཛིན་རྒྱུའི་རི་མོ་ཞིག་ཡིན། དེ་ལྟར་ངག་ཐོག་དང་ཡིག་ཐོག་གི་སྐད་ཆ་གཞི་གཅིག་ཏུ་གྲུབ་ན་སྐད་ཡིག་ཡིན་ནོ། དེར་བརྟེན་ང་ཚོས་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས་ན་སློབ་ཕྲུག་གི་འབྲི་ཀློག་ཉན་བཤད་ཀྱི་ནུས་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཏེ། དེ་ཡང་འབྲི་སྦྱོང་ཐད་ལོ་ཤས་ནང་སློབ་གྲྭ་མང་ཆེ་བས་ཀ་མད་སུམ་ཅུ་ནས་འགོ་བཙུགས་ཏེ་སློབ་སྦྱོང་བྱེད་མཁན་གྱི་ལོ་རིམ་དང་པོའི་སློབ་ཕྲུག་ཚོ་ཡི་གེ་ཤོག་སྟེང་དུ་སྦྱོང་རྒྱུའི་རེ་བ་འདོན་གྱི་ཡོད་པས་ན་སློབ་ཕྲུག་ཚོའི་ཡིག་གཟུགས་ཚུགས་པོ་དང་ལེགས་པོ་ཞིག་ཡོང་གི་མེད་ལ་ཡི་གེ་འབྲི་བའི་གོ་རིམ་ཀྱང་ལྡོག་སྟེ་འབྲི་བའི་སྣང་ཚུལ་ཐོན་གྱི་ཡོད་པས་ང་ཚོས་སྲོལ་རྒྱུན་རྒྱུན་འཛིན་གྱིས་ལོ་རིམ་དང་པོའི་སློབ་ཕྲུག་ཚོ་ཐོག་མར་སྦྱངས་ཤིང་ནས་འགོ་བཙུགས་ཏེ་ཡི་གེ་འབྲི་རྒྱུ་སྦྱོང་བརྡར་བྱས་ཚེ་ཡིག་གཟུགས་ཀྱི་རྨང་གཞི་བརྟན་པོ་ཞིག་འཛུགས་ཐུབ་པ་དང་། དེ་ནས་རིམ་བཞིན་ཤོག་སྟེང་དུ་འབྲི་རྒྱུར་ཕབ་ན་ང་ཚོས་ཚད་ལྡན་གྱི་ཡིག་གཟུགས་ལེགས་པོ་ཞིག་འབྲི་ཐུབ། དེ་མིན་རྩོམ་ཡིག་འབྲི་སྦྱོང་སྐབས་དགེ་རྒན་གྱིས་སློབ་ཕྲུག་ཚོ་བྱ་དངོས་ལ་ལྟ་ཞིབ་བྱེད་པའི་སྣེ་ཁྲིད་བྱས་ཏེ་རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་བྱེད་པ་དང་སློབ་ཕྲུག་རང་ཉིད་ཀྱི་དོན་དངོས་མྱོང་ཚོར་རམ་རྒྱུས་མངའ་ཡོད་པའི་ནང་དོན་དང་། དགའ་སྣང་ཡོད་པའི་བྱ་དངོས་ཞིག་འབྲི་བའི་རེ་བ་བཏོན་ན་ཁོང་ཚོའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐུབ། དཔེ་ཀློག་ཐད་བཤད་ན། དཔེ་ཀློག་བརྒྱུད་ནས་སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་པའི་དགའ་སྣང་འཕེལ་དུ་འཇུག་པ་དང་དཔེ་ཀློག་བྱེད་པའི་གོམས་གཤིས་འཇགས་པ་བྱེད་དགོས། དཔེ་ཀློག་ཟིན་རྗེས་བསླབ་ཚན་གྱི་ནང་དོན་ཁོང་དུ་ཆུད་པ་བྱེད་པ་མ་ཟད། དཔེ་ཀློག་མྱོང་ཚོར་དང་གསར་གཏོད་འདུ་ཤེས་ཀྱི་དོན་སྙིང་ཚང་བའི་མྱོང་ཚོར་རམ་བསམ་ཚུལ་འབྲི་སྦྱོང་བྱ་རྒྱུ་བཀོད་སྒྲིག་བྱས་ཚེ་སློབ་ཕྲུག་ཚོས་སྐད་ཆ་ཤོད་ཐུབ་པ་དང་གོ་ཐུབ་པ། བསླབ་ཚན་གྱི་ནང་དོན་ཁོང་དུ་ཆུད་པ། མིང་ཚིག་བཀོལ་སྤྱོད་ཐུབ་རྒྱུར་གལ་ཆེའི་ནུས་པ་ཐོན་པས་སྐད་དང་ཡི་གེའི་གྲུབ་ཆ་གང་མང་གསོག་འཇོག་བྱེད་ཐུབ། ཉན་འཇོག་ཐད་བཤད་ན། སློབ་ཕྲུག་ནས་གཞན་གྱི་གཏམ་བརྗོད་ཉན་པའི་རྣམ་འགྱུར་དང་གོམས་གཤིས་གསོ་སྐྱོང་བྱེད་དགོས། དགེ་རྒན་རྣམ་པས་སློབ་ཕྲུག་ལ་རྒྱུས་མངའ་ལོན་པ་དང་སློབ་ཕྲུག་གི་རང་གཤིས་དང་བསྟུན་ནས་སྣེ་ཁྲིད་གནང་ཚེ་སློབ་ཕྲུག་ཚོས་ཉན་འཇོག་བྱེད་པའི་བརྒྱུད་རིམ་ནང་གཞན་གྱི་གཏམ་བརྗོད་ཀྱི་ནང་དོན་ལ་མཇུག་སྡོམ་དང་གདེང་འཇོག་བྱེད་ཐུབ་ལ་གཙོ་ཕལ་བྱེད་ནས་ཤེས་དགོས་ངེས་ཀྱི་ནང་དོན་དག་བློའི་ནང་གསལ་པོར་ངེས་ཐུབ་པས་རང་ཉིད་ཀྱི་གཏམ་བརྗོད་བྱེད་རྒྱུར་མིང་ཚིག་དང་སྐད་ཆ་སྙན་པོ་མང་པོ་ཞིག་གསོག་འཇོག་བྱེད་ཐུབ། གཏམ་བརྗོད་ཐད་བཤད་ན། སློབ་ཁྲིད་ནང་དགེ་རྒན་གྱིས་ཐབས་བརྒྱ་ཇུས་སྟོང་གིས་གཏམ་བརྗོད་བྱེད་པའི་ཁོར་ཡུག་ཞིག་བསྐྲུན་ནས་སློབ་ཕྲུག་ལ་གཏམ་བརྗོད་བྱེད་པའི་གོ་སྐབས་སྤྲོད་དགོས་ཤིང་། སློབ་ཕྲུག་ཚོར་དོན་དངོས་ཀྱི་འཚོ་བ་གསལ་བཤད་དང་། བསླབ་ཚན་གྱི་ནང་དོན་ཤོད་པ། རང་ཉིད་ངོ་སྤྲོད། བྱིས་སྒྲུང་ཤོད་པ། ཉེ་འཁོར་གྱི་མི་སྣ་ཤོད་པ། དཔེ་ཀློག་འགྲན་སྡུར་བྱེད་པ་སོགས་ཀྱིས་གཙོ་བོ་བྱས་པའི་བྱེད་སྒོ་སྤེལ་ན་སློབ་ཕྲུག་གིས་གཏམ་བརྗོད་བྱེད་པའི་བློ་ཁོག་ཆེ་རུ་འགྲོ་ཐུབ།

        གཉིས། ཁ་བཤད་ལག་སྒུལ་དང་བསམ་བློ་གཏོང་རྒྱུ་ཟུང་འབྲེལ་གྱིས་རང་ཚུགས་ཀྱིས་སློབ་སྦྱོང་བྱེད་ཐབས་དར་སྤེལ་གཏོང་དགོས་པའི་སྐོར།

        བོད་སྐད་ཡིག་གི་སློབ་ཁྲིད་ནང་སློབ་ཕྲུག་ཚོ་སྐད་ཆ་ཤོད་དུ་འཇུག་པ་དང་ལག་པ་སྒུལ་བ། བསམ་བློ་གཏོང་དུ་འཇུག་པ་བཅས་བྱས་ཏེ་རང་ཚུགས་སློབ་སྦྱོང་བྱེད་ཐབས་དེ་མིང་དོན་མཚུངས་པའི་སྒོ་ནས་དོན་འཁྱོལ་ཡོང་བ་བྱ་དགོས། དེ་ནི་སློབ་ཁྲིད་ཐབས་ལམ་གསར་པ་བསྐྲུན་པའི་གཙོ་བོའི་གྲུབ་ཆ་ཡིན་ལ་རང་རྐྱ་འཕེར་བའི་ངང་ནས་བསམ་གཞིག་བྱེད་པའི་ནུས་པ་ཙམ་མ་ཟད་གསར་གཏོད་འདུ་ཤེས་དང་གསར་གཏོད་ནུས་པ་གསོ་སྐྱོང་བྱེད་པའི་རྩ་བ་རེད། དཔེར་ན། ལྟ་ཀློག་བསླབ་ཚན་ལ་ཆ་མཚོན་ན། དེ་སྔ་དགེ་རྒན་གྱིས་བསླབ་ཚན་གྱི་ནང་དོན་བཤད་ཁྲིད་བྱེད་རྒྱུ་གལ་ཆེར་འཛིན་པ་ལས་སློབ་ཕྲུག་རང་ཉིད་ནས་ངོས་འཛིན་དང་ཤེས་རྟོགས་ཡོང་རྒྱུར་ལྷོད་གཡེང་གཏོང་གི་ཡོད། དེ་ལྟར་བྱས་ཚེ་སློབ་ཕྲུག་གིས་ཤེས་བྱ་ནི་འཇུ་དཀའ་བའི་ཟས་ལྟ་བུར་འགྱུར་རྒྱུ་ནི་ལྡོག་མེད་རེད། དེར་བརྟེན་ང་ཚོས་བོད་སྐད་ཡིག་སློབ་ཁྲིད་ནང་ལྷག་པའི་གནས་ཚུལ་ཉུང་བ་དང་དལ་བ། ཞན་པ། ཤུགས་འདོན་པ་བཅས་ལ་སྒྱུར་བཅོས་གཏོང་དགོས་ཏེ། དེ་ཡང་ང་ཚོས་ངེས་པར་དུ་གནད་དོན་ཆུང་ཙག་ནས་དབྱེ་ཞིབ་མི་བྱེད་པའི་ལམ་ཪྙིང་པ་དེ་གཏན་འགོག་བྱེད་པ་དང་འཆད་ཁྲིད་གཏིང་རིང་བ་དང་དགེ་རྒན་ནས་ཤོད་ཀྱང་བྱེད་པའི་གོམས་སྲོལ་མེད་པ་བཟོས་ནས་དཔེ་ཀློག་གི་དུས་ཚོད་སློབ་ཕྲུག་ལ་སྤྲད་དེ་ནན་ཏན་ངང་ཁྲིད་སྟོན་བྱས་ནས་ཞིབ་མོར་ཀློག་ཐུབ་པ་བྱེད་དགོས། ལྟ་ཀློག་སློབ་ཁྲིད་ནང་ཀློག་འདོན་བྱ་རྒྱུ་གཙོ་བོར་བཟུང་ནས་དཔེ་ཀློག་དང་བསམ་གཞིག་ཟུང་འབྲེལ་བྱེད་པ་དང་། གང་ཐུབ་ཅི་ཐུབ་ཀྱིས་སློབ་ཕྲུག་ཚོར་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཀློག་དང་སྦྲགས་བསམ་གཞིག་བྱེད་པའི་དུས་ཁོམ་དང་གོ་སྐབས་མང་ཙམ་སྤྲད་ཐོག་བསླབ་གཞིའི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་ཐུབ་པ་བྱེད་དགོས།

        གསུམ། དགེ་སློབ་ཕན་ཚུན་སྐུལ་རེས་ཀྱིས་མཉམ་ལས་སློབ་སྦྱོང་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར།

        དགེ་སློབ་ཕན་ཚུན་དབར་དང་སློབ་ཕྲུག་ཕན་ཚུན་དབར་གྱི་གྲོས་བསྡུར་གྱིས་སློབ་ཁང་སློབ་ཁྲིད་ནང་གཙོ་བོའི་གནས་བབ་བཟུང་ཡོད། དེར་བརྟེན་ངེས་པར་དུ་དགེ་རྒན་གྱི་མཛུབ་ཁྲིད་འོག་སློབ་ཕྲུག་གི་མཉམ་ལས་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། འོ་ན། ང་ཚོས་སློབ་ཁང་སློབ་ཁྲིད་སྐབས་ཇི་ལྟར་བྱེད་དགོས་སམ་ཞེ་ན། དགེ་རྒན་ནས་སློབ་ཁྲིད་བྱེད་སྐབས་སློབ་ཁྲིད་འཆར་ཟིན་བཀོད་སྒྲིག་དང་སློབ་ཁྲིད་ཆོས་ཉིད་འཚོལ་ཞིབ། སློབ་སྦྱོང་བྱེད་ཐབས་མཛུབ་ཁྲིད་བྱེད་དགོས་པ་ལས་བཤད་ཁྲིད་ཁོ་ན་བྱེད་རྒྱུ་མེད། དཔེར་ན། སློབ་ཐུན་གཅིག་ནང་སློབ་ཕྲུག་གིས་སྙན་སེང་ཞུ་བའི་ནང་དོན་ནི་མིང་ཚིག་གང་ཞིག་ཤེས་ཡོད་མེད་དང་། བརྗོད་པའམ་དུམ་བུ་གང་ཞིག་གི་ནང་དོན་ཁོང་དུ་ཆུད་ཡོད་མེད། དོགས་གནད་འདྲི་གཞི་སོགས་ཡིན། སློབ་ཕྲུག་ཚོས་གྲོས་བསྡུར་བྱེད་རྒྱུའི་ནང་དོན་ནི་སློབ་ཕྲུག་གི་སྙན་སེང་ནང་དོན་དེ་དག་ཡིན་ལགས་ན། དགེ་རྒན་ནས་སློབ་ཕྲུག་གིས་སྙན་སེང་ཞུ་བའི་ནང་དོན་དེ་དག་ལེགས་སྒྲིག་བྱེད་པ་དང་ཕྱོགས་མཚུངས་བསླབ་གཞིའི་གཙོ་གནད་དང་དཀའ་གནད་མངོན་པའི་ནང་དོན། ད་དུང་སློབ་ཕྲུག་ཕལ་མོ་ཆེས་དོགས་གནད་བྱེད་པའི་འདྲི་གཞི་སོགས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་རྒྱུ་སྒྲིག་འཛུགས་བྱེད་པ་དང་སློབ་ཕྲུག་གིས་གསལ་པོ་ཤེས་མེད་པའི་ནང་དོན་ཤོད་ཕོད་པ་དང་དོགས་གཞི་ཡོད་པའི་དྲི་གཞི་འདོན་རྒྱུར་སྐུལ་ལྕག་གཏོང་དགོས། སློབ་ཕྲུག་གིས་བཏོན་པའི་འདྲི་གཞི་གང་ཞིག་ཡིན་རུང་དུས་ཐོག་ཏུ་བློ་སྒོ་འབྱེད་དགོས་པ་དང་གང་ཞིག་ལ་སློབ་ཕྲུག་གཞན་གྱིས་དྲིས་ལན་འདེབས་པ། ནང་དོན་གང་ཞིག་ཚོགས་ཆུང་ངམ་འཛིན་གྲྭའི་སློབ་ཕྲུག་ཡོངས་ནས་གྲོས་བསྡུར་བྱེད་པའི་ཐད་དགེ་རྒན་ནས་སྣེ་ཁྲིད་བྱེད་དགོས།

        བཞི། འོས་འཚམས་ངང་མཐོང་ཐོས་སྨྱན་སྦྱོར་སྤྱད་ནས་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་དགོས་པའི་སྐོར།

        མཐོང་ཐོས་སྨྱན་སྦྱོར་ནི་དེང་རབས་སློབ་ཁང་སློབ་ཁྲིད་ནང་ཆེས་སྤྱོད་གོ་ཆེ་བའི་ལག་ཆ་ཞིག་ཡིན་ལ་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བར་མེད་དུ་མི་རུང་བའི་ལག་ཆ་ཞིག་ཀྱང་ཡིན། དེ་ཡང་སྲོལ་རྒྱུན་སློབ་ཁྲིད་ཡོ་ཆས་ནང་བསླབ་གཞི་དང་ནག་པང་། པར་རིས། ཐད་མཐོང་ཡོ་ཆས་བཅས་དང་། དེང་རབས་སློབ་ཁྲིད་ཡོ་ཆས་ནང་སྒྲོན་བཪྙན་སྤྱིན་ཤོག་དང་གྲིབ་གཟུགས་ཕོག་ཆས། བཪྙན་འབེབས་འཕྲུལ་ཆས། གློག་བཪྙན། བཪྙན་འཕྲིན། ཀློག་ཀླད (མཐོང་ཐོས་སྨྱན་སྦྱོར )བཅས་ཡིན། དེ་དག་ལས་མཐོང་ཐོས་སྨྱན་སྦྱོར་ནི་ཆེས་བེད་སྤྱོད་ཆེ་བའི་སློབ་ཁྲིད་ཡོ་ཆས་ཤིག་ཏུ་གྱུར་ཡོད། སློབ་ཁྲིད་སྐབས་མཐོང་ཐོས་སྨྱན་སྦྱོར་བེད་སྤྱོད་བྱས་ཚེ་སློབ་ཕྲུག་གི་བློ་སྒོ་འབྱེད་ཅིང་། གསོན་ཉམས་ལྡན་པའི་འདྲ་རིས་དང་སྙན་ཞིང་འཇེབས་པའི་སྐད་སྒྲས་སློབ་ཕྲུག་གིས་སློབ་སྦྱོང་བྱེད་པའི་སྤྲོ་སྣང་འཕེལ་ཐུབ་པ་མ་ཟད་སློབ་ཕྲུག་གི་ལྟ་ཞིབ་ནུས་པ་དང་ལྟ་ཀློག་ནུས་པ། ཀུན་སྤྱོད་གསོ་སྐྱོང་བཅས་ལ་ཕན་ཐོགས་ཆེན་པོ་ཡོད། དེ་མིན་ཤེས་བྱ་སྲ་བརྟན་གཏོང་བ་དང་དོགས་གནད་སེལ་བ། སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བ། སློབ་ཁྲིད་དུས་ཚོད་འཕྲོ་བརླག་མི་གཏོང་བ་བཅས་ཀྱི་དམིགས་བསལ་གྱི་བྱེད་ནུས་ལྡན་ཡོད། དེར་བརྟེན་མཐོང་ཐོས་སྨྱན་སྦྱོར་བེད་སྤྱོད་བྱས་ཏེ་སློབ་མའི་སྦྱངས་འབྲས་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་སློབ་ཁྲིད་ཡོ་ཆས་ཀྱིས་ང་ཚོ་དགེ་རྒན་ལ་ཐོན་པའི་བླང་བྱ་ཞིག་ཏུ་འགྱུར་ཡོད་པའང་རྟོགས་དགོས་ཀྱི་རེད།     (ལྷོ་ཁ་ས་ཁུལ་སློབ་ཆུང་གསུམ་པའི་དགེ་རྒན་པ་སངས་དོན་གྲུབ་ཀྱིས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།