སློབ་མར་དགའ་དགའ་སྤྲོ་སྤྲོའི་ངང་སློབ་སྦྱོང་བྱེད་རྒྱུ་ཡོང་བ་བྱ་རྒྱུའི་སྐོར་གླེང་བ།
ཉེ་བའི་ལོ་འགའི་སྔོན་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྲུག་ཚོའི་ཚད་ལས་བརྒལ་བའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་བཏང་སྟེ་ཁྱོན་ཡོངས་ནས་བྱང་ཚད་སློབ་གསོ་དར་སྤེལ་གཏོང་དགོས་ཞེས་བསྟན་པ་ནི་སློབ་གསོའི་ལས་དོན་ཁྲོད་ཙམ་མ་ཟད་སྤྱི་ཚོགས་ལས་རིགས་ཁག་གིས་དོ་སྣང་བྱེད་པའི་ཐུན་མོང་གི་གནད་དོན་ཞིག་ཏུ་གྱུར་ཡོད་ལ་དེའི་སྐོར་ལ་བྱ་ཐབས་ཀྱང་རབ་དང་རིམ་པ་སྤེལ་ཡོད། འོན་ཀྱང་དེ་དག་གིས་གནས་སྐབས་ཙམ་ལས་མཐར་ཐུག་གི་འབྲས་བུ་དེ་ཙམ་ཐོན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ད་ཆ་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྲུག་གི་སློབ་སྦྱོང་ཁུར་པོ་དེ་བས་ལྕི་རུ་ཕྱིན་ཡོད་པ་ཚང་མས་གསལ་པོར་མཐོང་ཐུབ་ལ་སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་བ་ཞེས་པ་ནི་ལས་སླ་པོ་ཞིག་མ་ཡིན་པར་ཧ་ཅང་ཪྙོག་འཛིང་ཆེ་བའི་ལས་གྲྭ་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ། དེར་བརྟེན་ང་ཚོས་སློབ་མ་ཚོ་དགའ་སྤྲོའི་ངང་སློབ་སྦྱོང་བྱ་རྒྱུ་ཡོང་བར་ཕྱོགས་གང་ཐད་ནས་ཤུགས་སྣོན་རྒྱག་དགོས་པས་དེའི་ཐད་ཁོ་བོའི་ལྟ་ཚུལ་ཅུང་ཟད་གླེང་རྒྱུ་ཡིན།
དང་པོ་སློབ་སྦྱོང་གི་དམིགས་ཡུལ་ཁ་གསལ་པོ་ཤེས་པ་བྱས་ནས་ཤེས་བྱའི་རྒྱ་ཁྱོན་ཆེ་རུ་གཏོང་དགོས་པའི་སྐོར།
གོ་རྟོགས་ཀྱི་རེ་བ་ནི་སློབ་ཆུང་སློབ་མའི་སེམས་ཀྱི་རེ་བ་གཙོ་གྲས་ཤིག་ཡིན་པ་དང་དེ་ནི་རྒྱུན་གཏན་ཁོ་ཚོས་སློབ་གྲྭའི་འཚོ་བ་དང་སློབ་གྲྭར་དགའ་ཞེན། སློབ་སྦྱོང་གི་འགན་འཁྲི་ལ་གཙིགས་ཆེན། ཇི་ལྟར་ལེགས་གྲུབ་བྱེད་པ་བཅས་བྱ་སྤྱོད་ཁྲོད་ནས་མཐོང་ཐུབ་པ་ཞིག་ཡིན་པས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་སློབ་ཕྲུག་གི་གོ་རྟོགས་ཀྱི་རེ་བ་ནི་ཤེས་བྱ་གང་སྦྱོང་དགོས་པ་དང་ཇི་ལྟར་སྦྱོང་དགོས་པ་ཅི་ཕྱིར་སྦྱོང་དགོས་པ་བཅས་ཀྱི་ཁྲོད་ནས་གསལ་པོར་མཚོན་ཐུབ། སྐབས་རེ་སློབ་ཕྲུག་ལ་ལ་སློབ་སྦྱོང་བྱེད་པའི་ཀུན་སློང་ཡག་པོ་མེད་པ་དང་། སློབ་སྦྱོང་བྱེད་འདོད་མེད་པ། སློབ་སྦྱོང་གི་ཧུར་བརྩོན་མི་འདང་བ་སོགས་ནི་སློབ་སྦྱོང་གི་དམིགས་ཡུལ་གསལ་རྟོགས་མ་ཐུབ་པའི་རྐྱེན་གྱིས་ཡིན། སློབ་སྦྱོང་གི་ཀུན་སློང་ནི་སློབ་ཕྲུག་རྣམས་སློབ་སྦྱོང་གི་དམིགས་ཡུལ་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་དང་དམིགས་ཡུལ་ནས་ཐམས་ཅད་འགོ་ཚུགས་ཀྱི་ཡོད་པར་བརྟེན་སློབ་ཚན་ཐོག་སློབ་ཕྲུག་གི་སློབ་སྦྱོང་གི་ཀུན་སློང་བཟང་དུ་གཏོང་དགོས་ན་སྔོན་ལ་སློབ་སྦྱོང་གི་དམིགས་ཡུལ་གང་ཡིན་པ་གསལ་བཤད་བྱེད་རྒྱུ་དེ་སྔོན་འགྲོ་ཡིན། ཁྲིད་བྱར་གྱུར་པའི་སློབ་ཚན་འགའ་ཤས་བརྗོད་བྱེད་ཚིག་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་ལ་བརྗོད་བྱའི་དོན་གསོན་ཉམས་ལྡན་ཞིང་སྒྲུང་དང་གཏམ་དཔེ་སོགས་ཀྱིས་བརྒྱན་ཞིང་། སློབ་ཕྲུག་གི་ཤེས་འདོད་པ་ཤ་སྟག་ཡིན་པ་དང་ཡང་སློབ་ཚན་འགའ་ཤས་ནང་དོན་གང་ཡིན་པ་དེ་ཐད་ཀར་བརྗོད་ཡོད་པ་ལས་སྒྲུང་གཏམ་སོགས་གང་ཡང་མེད་པས་སློབ་ཕྲུག་ལ་སྦྱངས་འདོད་ཀྱི་བསམ་པ་དེ་ཙམ་ཡོང་གི་མེད། དེར་བརྟེན་དང་ཐོག་དགེ་རྒན་གྱིས་སློབ་ཁྲིད་དངོས་གཞི་མ་ཚུགས་གོང་སློབ་ཕྱིའི་ཤེས་བྱ་མང་དག་ཅིག་གྲ་སྒྲིག་བྱེད་དགོས་པ་སྟེ་དཔེར་ན། སྒྲུང་དང་། གཏམ་དཔེ། གླུ་གཞས། རི་མོ་དེ་བཞིན་སྤྱི་ཚོགས་ཐོག་གི་དོན་དངོས་དཔེ་གཞི་སོགས་གང་མང་བསྡུ་རུབ་བྱས་ནས་དེ་དག་སློབ་ཁྲིད་སྐབས་སློབ་ཚན་དང་འབྲེལ་བ་བྱས་ནས་བཤད་ཚེ་སློབ་ཚན་གྱི་ནང་དོན་དེ་བས་ཁ་གསལ་བ་དང་གོ་བདེ་བ་ཞིག་ཏུ་གྱུར་ནས་སློབ་ཕྲུག་གི་རིག་གནས་སྦྱངས་འདོད་ཀྱི་བསམ་པ་དེ་བས་ཤུགས་ཆེར་གཏོང་ཐུབ་ལ་སློབ་སྦྱོང་གི་དམིགས་ཡུལ་ཡང་གསལ་རྟོགས་བྱེད་རྒྱུར་ཕན་འབྲས་ཤིན་ཏུ་ཆེ།
གཉིས་པ། སློབ་ཕྲུག་རྣམས་རང་འགུལ་ངང་སློབ་སྦྱོང་གི་བྱེད་སྒོ་ཁག་ལ་ཞུགས་སུ་བཅུག་ནས་ཁོ་ཚོའི་འབྲེལ་འདྲིས་ཀྱི་ནུས་པ་གོང་མཐོར་གཏོང་གང་ཐུབ་བྱེད་དགོས་པའི་སྐོར།
འབྲེལ་འདྲིས་ཀྱི་རེ་བ་ནི་མི་ཚང་མར་ཡོད་པ་དང་སློབ་གྲྭའི་ནང་སློབ་ཕྲུག་གི་འབྲེལ་འདྲིས་ཀྱི་དགོས་མཁོ་ནི་གཙོ་བོ་དགེ་རྒན་ལ་འབྲེལ་འདྲིས་བྱེད་པ་དང་སློབ་ཕྲུག་ཕན་ཚུན་དབར་འབྲེལ་འདྲིས་བྱེད་པ་ཕྱོགས་གཉིས་ཡིན་ལ་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཡང་དེ་ཁོ་ན་ཡིན།
སློབ་ཕྲུག་དང་དགེ་རྒན་དབར་གྱི་འབྲེལ་འདྲིས་ནི་སློབ་མས་དགེ་རྒན་ལ་བརྩི་བཀུར་བྱེད་པ་དང་། དགེ་རྒན་གྱི་ཁ་་བརྡ་བསླབ་བྱར་ཉན་པ། དགེ་རྒན་གྱི་བཀའ་དང་ལེན་བྱེད་པ། དགེ་རྒན་གྱི་ཡ་རབས་ཀྱི་གཏམ་སྤྱོད་གཉིས་ལ་སློབ་སྦྱོང་བྱེད་པ་བཅས་བྱེད་པ་དེ་ཡིན། མདོར་ན་སློབ་ཆུང་སློབ་ཕྲུག་གིས་དགེ་རྒན་དང་འབྲེལ་འདྲིས་བྱེད་རྒྱུ་དེ་ཧ་ཅང་གི་སྤྲོ་སྣང་ལྡན་པ་ཞིག་ཏུ་ངོས་འཛིན་གྱི་ཡོད་པས་སློབ་ཁྲིད་ཁྲོད་དགེ་རྒན་གྱིས་སློབ་མའི་རེ་བའི་ཁྱད་ཆོས་དང་བསྟུན་ནས་སྐད་ཆ་ཤོད་སྐབས་ཁ་ཕྱོགས་གསལ་པོ་དང་གནད་ལ་འཁེལ་པོ། དག་ལ་ནན་པ། དགའ་མགུ་ཡི་རངས་དང་ལྡན་པ་ཞིག་དགོས། དེ་ལྟར་བྱེད་ཐུབ་ཚེ་སློབ་ཕྲུག་མང་པོ་ཞིག་དགེ་རྒན་དང་འབྲེལ་འདྲིས་བྱེད་པའི་རེ་བ་སྐོང་ཐུབ་ལ་ཁོ་ཚོའི་སློབ་སྦྱོང་གི་ཀུན་སློང་ཡང་དག་ཏུ་སོང་ནས་རང་འགུལ་ངང་སློབ་སྦྱོང་གི་བྱེད་སྒོ་ཁག་ལ་ཞུགས་རྒྱུར་སྐུལ་འདེད་གཏོང་ཐུབ།
སློབ་ཚན་ཐོག་དགེ་རྒན་ནི་སློབ་ཕྲུག་ཚང་མར་སློབ་ཁྲིད་བྱེད་ཀྱི་ཡོད་པས་སློབ་ཕྲུག་རེ་གཉིས་ཀྱིས་བཤད་པའི་སྐར་ཆར་བརྡ་ལན་བྱེད་པའི་ཁོམ་པ་མེད་རྐྱེན་དགེ་རྒན་གྱིས་སོ་སོའི་མིག་བརྡ་དང་། ལག་བརྡ། གདོང་གི་རྣམ་འགྱུར་བཅས་ལ་བརྟེན་ནས་སེམས་རྩ་འཁོལ་བ་དང་བསྟོད་བསྔགས་གཏོང་བ། སྐུལ་ལྕག་བྱེད་པ་བཅས་ཀྱི་སྣང་བ་ཞིག་སྤྲོད་དགོས་པ་དང་ཡང་ན་སློབ་ཕྲུག་དེ་དག་གི་དཔུང་པའི་ཐོག་ལག་པ་འཇག་ཙམ་འཇག་ཙམ་བྱེད་པའམ་མགོ་བོ་ལྕོག་ཙམ་ལྕོག་ཙམ་དང་མིག་ཀྲབ་ཙམ་ཀྲབ་ཙམ་གྱིས་ཀྱང་ཁོ་ཚོའི་སློབ་སྦྱོང་གི་ཀུན་སློང་ཤུགས་ཆེར་འགྲོ་རྒྱུར་ཕན་འབྲས་ངེས་ཅན་ཞིག་ཐོན་རྒྱུ་ཐེ་ཚོམ་མེད་པ་དོན་དངོས་ནས་ཀྱང་ར་སྤྲོད་ཐུབ།
སློབ་ཆུང་གི་དུས་ཚོད་ཧྲིལ་པོར་སློབ་ཕྲུག་ཕན་ཚུན་དབར་འབྲེལ་འདྲིས་བྱེད་པའི་དགོས་མཁོ་ནི་ཉིན་རེ་བཞིན་མ་བསྡད་པར་ཇི་ཆེར་འགྲོ་གི་ཡོད། སློབ་ཁྲིད་ཁྲོད་སློབ་ཕྲུག་ཕན་ཚུན་རང་འགུལ་ངང་ཞིབ་མཇུག་གྲོས་མོལ་དང་ཚོགས་ཆུང་གྲོས་མོལ་སློབ་ཕྲུག་ཕན་ཚུན་སྐད་ཆ་ཤོད་འདོད་བྱེད་པ་བཅས་བྱས་ནས་མཚོན་ཐུབ་པས་དགེ་རྒན་གྱིས་སློབ་ཁྲིད་བྱ་ཐབས་འདྲ་མིན་སྣ་ཚོགས་སྤྱད་ནས་དམིགས་ཡུལ་ཡོད་པའི་སྒོ་ནས་འདྲི་གཞི་བཏོན་ཏེ་སློབ་ཕྲུག་ཕན་ཚུན་གྲོས་བསྡུར་བྱེད་དུ་འཇུག་དགོས་པ་དང་ཡང་ན་སློབ་ཕྲུག་ཁ་ཤས་ཤིག་ལ་སློབ་ཚན་གྱི་ནང་དོན་འཁྲབ་ཏུ་འཇུག་པ། ཡང་ན་སློབ་ཕྲུག་རྣམས་ཁག་དབྱེ་རེ་མོས་ཀྱིས་སློབ་ཚན་ཀློག་ཏུ་འཇུག་པ་དེ་མིན་ཕན་ཚུན་འདྲི་བ་བཏོན་རེས་བྱེད་པ་དང་ལན་འདེབས་རེས་བྱེད་དུ་འཇུག་པ་བཅས་བྱས་ཚེ་ཕན་ཚུན་འབྲེལ་འདྲིས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱུང་ནས་ཁོ་ཚོའི་སེམས་ནང་གི་དཀའ་ངལ་རང་བཞིན་ངང་མེད་པར་གྱུར་ཏེ་སློབ་སྦྱོང་བྱེད་འདོད་ཀྱི་བསམ་པ་ཞིག་རང་དགར་སྐྱེད་སྲིང་ལ་དགའ་སྤྲོའི་ངང་སློབ་ལ་འཇུག་འགྱུར་ཕན་འབྲས་ཀྱང་ཆེན་པོ་ཡོད།
གསུམ་པ། གྲུབ་འབྲས་ཀྱི་རེ་བ་ཆེ་རུ་བཏང་ནས་སློབ་སྦྱོང་གི་སེམས་ཤུགས་ཇེ་ཆེར་གཏོང་དགོས་པ་དང་ཀུན་སློང་ཇེ་བཟང་དུ་གཏོང་རྒྱུའི་སྐོར།
གྲུབ་འབྲས་ཀྱི་རེ་བ་ནི་འབྲེལ་འདྲིས་ཀྱི་རེ་བ་དང་རང་ཉིད་མངོན་འགྱུར་ཡོང་བའི་རེ་བ་གཉིས་མཉམ་དུ་གྲུབ་པ་ཞིག་ཡིན། ཉམས་མྱོང་ལས་ཕྱོགས་སྡོམ་བྱས་པར་གཞིགས་ན། གྲུབ་འབྲས་ཀྱི་རེ་བ་ཆེས་ཆེར་ལྡན་པའི་སློབ་ཕྲུག་ནི་སློབ་སྦྱོང་བྱེད་པའི་སེམས་ཤུགས་ཆེ་བ་དང་གྲུབ་འབྲས་ཀྱི་རེ་བ་དེ་ཙམ་ཆེན་པོ་མེད་པའི་སློབ་ཕྲུག་ནི་སློབ་སྦྱོང་བྱེད་པའི་སེམས་ཤུགས་ཀྱང་ཅུང་ཞན་ཙམ་ཡོད་པ་མཐོང་ཐུབ། དགེ་རྒན་གྱིས་སློབ་ཕྲུག་གི་གྲུབ་འབྲས་ཀྱི་རེ་བ་ཇེ་མཐོར་བཏང་ནས་སློབ་ཕྲུག་གི་གོ་བ་ལེན་མི་ཤེས་པ་དང་བློར་ངེས་མི་བདེ་བའི་གནད་དོན་རྣམས་ཐག་གཅོད་བྱེད་རོགས་བྱས་ཏེ་སློབ་ཕྲུག་ཕན་ཚུན་འགྲན་བསྡུར་བྱེད་པའམ་ཡང་ན་རང་གིས་རང་ལ་དཔྱད་པ་བྱེད་པའི་ཐབས་ཤེས་སྤྱད་ནས་སློབ་ཕྲུག་རྣམས་ལ་རྒྱལ་ཕམ་གཉིས་ཀྱི་བྲོ་བ་མྱོང་དུ་བཅུག་སྟེ་སློབ་སྦྱོང་གི་ཀུན་སློང་བཟང་དུ་བཏང་ན་གཞི་ནས་སློབ་ཕྲུག་རྣམས་སློབ་སྦྱོང་བྱེད་སྐབས་སེམས་སྐྱིད་ཅིང་དགོད་བྲོ་ལ་སློབ་སྦྱོང་གི་སེམས་ཤུགས་ཀྱང་དེ་བས་ཆེ་རུ་འགྲོ་ཐུབ།
བཞི་པ། བྱེད་སྒོའི་རེ་བ་སྐོང་ནས་སློབ་སྦྱོང་བྱེད་འདོད་ཆེ་རུ་གཏོང་བ་དང་ཀུན་སློང་བཟང་དུ་གཏོང་དགོས་པའི་སྐོར།
སློབ་ཆུང་གི་དུས་ཚོད་ཧྲིལ་པོར་སློབ་ཕྲུག་རྣམས་བྱེད་སྒོ་འདྲ་མིན་སྣ་ཚོགས་ལ་ཞུགས་རྒྱུའི་རེ་བ་ཧ་ཅང་ཆེན་པོ་ཡོད་པ་ནི་བྱིས་པ་རྣམས་ལུས་སེམས་འཚར་ལོངས་ཡོང་བའི་ཁྱད་ཆོས་ཆེ་ཤོས་ཤིག་ཡིན། དེ་ལ་རྩེད་མོ་རྩེད་རྒྱུའི་རེ་བ་དང་ལུས་རྩལ་གྱི་རེ་བ་སོགས་གཏོགས་ཡོད། སློབ་ཆུང་སློབ་ཕྲུག་གི་རྩེད་མོ་རྩེད་རྒྱུར་དོ་སྣང་ཧ་ཅང་ཤུགས་ཆེན་པོ་བྱེད་པ་དང་རྩེད་མོའི་རྩེད་ཐབས་ལས་ཁོ་ཚོ་རིམ་བཞིན་བཞད་གད་རང་བཞིན་གྱི་རྩེད་མོ་དང་འགོག་རྒོལ་རང་བཞིན་གྱི་རྩེད་མོ། འགྲན་བསྡུར་རང་བཞིན་གྱི་རྩེད་མོ་སོགས་ལ་དགའ་པོ་ཡོད་པ་མཚོན་ཐུབ་པ་དང་། དེ་ནས་རིམ་བཞིན་རིག་སྟོབས་རང་བཞིན་གྱི་རྩེད་མོར་དགའ་པོ་ཡོད་པ་ཡང་ཤེས་ཐུབ། ལྷག་པར་དུ་སློབ་ཚན་གྱི་ནང་དོན་དང་འབྲེལ་བ་བྱས་ནས་བྱེད་སྒོ་ཁག་གཅིག་སྤེལ་རྒྱུར་དེ་བས་དགའ་པོ་བྱེད། དཔེར་ན 《རི་བོང་གི་སེང་གེ་བཏུལ་བ 》ཞེས་པའི་སློབ་ཚན་དེ་ལྟ་བུ་སློབ་ཁྲིད་བྱེད་སྐབས་སློབ་ཕྲུག་གཅིག་གིས་སེང་གེ་ཡིན་ཁུལ་བྱེད་པ་དང་གཅིག་གིས་རི་བོང་ཡིན་ཁུལ་བྱས་ནས་སྔོན་ལ་སེང་གེས་རང་གིས་སྟོབས་ཤུགས་ལ་བརྟེན་ནས་རི་བོང་ལ་བཪྙས་བཅོས་བྱེད་པ་དང་དེ་ནས་རི་བོང་གིས་རང་གིས་བློ་གྲོས་ལ་བརྟེན་ནས་སེང་གེ་བཏུལ་བའི་སྐོར་དེ་ལྟ་བུ་སློབ་ཚན་ཐོག་འཁྲབ་སྟོན་བྱེད་དུ་བཅུག་ན་གཅིག་ནས་སློབ་ཚན་གྱི་ནང་དོན་རྣམས་བདེ་བླག་ངང་ཤེས་ཐུབ་ལ་གཉིས་ནས་ཁོ་ཚོའི་སེམས་ནང་གི་རྩེད་མོ་རྩེད་འདོད་ཀྱི་རེ་བ་དེ་བསྐོངས་ཐུབ། གསུམ་ནས་གོ་རྟོགས་ཀྱི་རེ་བ་ཡང་གང་ལེགས་བསྐོངས་ཐུབ་པ་མ་ཟད་སློབ་སྦྱོང་བྱེད་འདོད་ཀྱི་བསམ་བློ་སྐྱེད་སྲིང་ཐུབ་ལ་སློབ་སྦྱོང་གི་ཀུན་སློང་ཡང་ཡག་ཏུ་འགྲོ་རྒྱུར་འདོན་མི་ཟ།
མདོར་ན། ཡུན་རིང་སློབ་ཁྲིད་བྱས་པའི་ཉམས་མྱོང་ལས་ཐོབ་པར་སློབ་ཁྲིད་ཀྱི་ཁྲོད་འཁྲུག་ཆ་དོད་པའི་རང་བཞིན་ལྡན་པ་དང་ཞིབ་འཇུག་གི་རང་བཞིན་ལྡན་པ་སྤྱི་ཚོགས་ཀྱི་དོན་དངོས་རང་བཞིན་ལྡན་པ་དག་ལ་སློབ་ཕྲུག་གིས་དེ་བས་དགའ་པོ་བྱེད་ཀྱི་འདུག དེར་བརྟེན་དགེ་རྒན་གྱིས་སློབ་ཁྲིད་སྐབས་སློབ་ཕྲུག་རྣམས་ལ་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས་པ་དང་འཚོ་བའི་ནང་གི་དོན་དངོས་དཔེ་གཞི་མང་ཙམ་དྲངས་ནས་གསར་གཏོད་ཀྱི་རང་བཞིན་དང་ལྡན་པའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པོ་མང་དག་གཅིག་སྒྲིག་འཛུགས་བྱེད་དགོས།
(རིན་སྤུངས་རྫོང་བྲགས་པ་ཤང་སློབ་ཆུང་གི་དགེ་རྒན་སྤེན་པ་དོན་གྲུབ་ཀྱིས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣