འབྲོག་གླུའམ་ལ་གླུའི་ཁྱད་ཆོས་སྐོར་ཅུང་ཟད་གླེང་བ།
དེང་སྐབས་བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་དང་། དཔལ་འབྱོར། ཆབ་སྲིད་སོགས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་སོང་བའི་དབང་གིས་སྔར་ཡོད་བོད་ཀྱི་སྲོལ་རྒྱུན་རིག་གནས་རྣམས་དེ་བས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཚ་རླབས་ཤིག་གང་སར་འཕྱུར་བཞིན་མཆིས། འོན་ཀྱང་སྤྱི་ཚོགས་ཀྱི་གྲུ་ཟུར་གང་ས་ནས་ཚན་རིག་དང་མཉམ་དུ་ཐོན་པའི་རིག་གནས་གསར་པའི་ཁྱབ་ཁོངས་འོག་བོད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་ཀྱང་བལྟོས་བཅས་ཀྱིས་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་ནི་སྤྱི་ཚོགས་ཀྱི་ཆོས་ཉིད་ཅིག་ཡིན།
འོན་ཀྱང་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གཏོང་རྒྱུའི་འགངས་ཆེའི་ལས་འགན་དེ་ནི་ང་ཚོ་གཞོན་སྐྱེས་རྣམས་ཀྱི་ཕྲག་སྟེང་དུ་བབས་པས་རང་ཉིད་ཀྱིས་ཀྱང་ལས་འགན་དེའི་གྲུ་ཟུར་ཞིག་ཕྲག་སྟེང་དུ་འཁུར་ནས་བོད་ཀྱི་དམངས་སྲོལ་མཐའ་ཡས་རྒྱ་མཚོའི་ཀློང་ལས་འབྲོག་གླུའི་ཁྱད་ཆོས་སྐོར་ཆུ་ཐིགས་ཙམ་ཞིག་གླེང་བར་བྱ།
དང་པོ། འབྲོག་གླུའི་འབྱུང་རབས།
འབྲོག་གླུ་ནི་བོད་ཀྱི་འབྲོག་ཁུལ་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་དར་ཁྱབ་བྱུང་བ་ཞིག་ཡིན་ཞིང་། མི་གཅིག་གིས་བརྩམས་པའི་བརྩམས་ཆོས་ཤིག་མིན་ལ་དུས་རབས་གཅིག་ནང་བྱུང་བའི་བརྩམས་ཆོས་ནི་དེ་བས་མིན་པར་དེ་ནི་དུས་རབས་དུ་མའི་ནང་དུ་བོད་ཀྱི་ངལ་རྩོལ་མི་དམངས་ཁྲི་སྟོང་མང་པོས་འཚོ་བའི་བདེ་སྡུག་གི་ཚོར་སྣང་ཟབ་མོ་ལས་སྣོན་བྱས་པ་ལས་བྱུང་བ་ཞིག་ཡིན་སྟབས་དེ་ནི་བོད་ཀྱི་ལོ་རྒྱུས་འཕྲང་ལམ་སྟེང་དུ་ཁ་སྣོན་དང་བཟོ་བཅོས་མང་པོ་བྱས་པའི་ཐུན་མོང་གི་སྒྱུ་རྩལ་གྲུབ་འབྲས་ཤིག་ཡིན་པ་ནི་སྨོས་ཅི་འཚལ།
བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་རྩོམ་རིག་སྣ་ཚོགས་འཕེལ་རྒྱས་བྱུང་ཡོད་ཀྱང་རྩོམ་རིག་གི་རྩོམ་ལུས་ལ་དབྱེ་བ་དོན་གྱི་ལུས་དང་ཚིག་གི་ལུས་ཞེས་གཉིས་སུ་ཕྱེ་བ་ལས་དོན་ལུས་འཁྱོག་བརྗོད་ཀྱི་ཁོངས་གཏོགས་སྙན་རྩོམ་ནི་དར་སྔ་ཤོས་ཡིན་པར་འདོད་ཀྱི་ཡོད་ཅིང་། ལྟར “རྩོམ་ལུས་མི་འདྲ་བའི་རྩོམ་རིག་གི་རྣམ་པའི་ཁྲོད་སྙན་རྩོམ་དར་སྔ་ཤོས་ཡིན་ན་སྙན་རྩོམ་གྱི་ནང་ནས་དར་སྔ་བ་ནི་གླུ་ཚིག་ཡིན་པ་དང་། གླུ་ཚིག་གི་ནང་ནས་ངལ་རྩོལ་གླུ་ཚིག་དར་སྔ་བ་ལྟར་ངལ་རྩོལ་སྐབས་ངལ་བའི་འགྲོས་དང་མཐུན་པར་རང་བཞིན་དུ་ངག་ནས་ཕྱུང་བའི་དབྱངས་ཀྱི་སྟེང་ཚིག་སྦྱར་བ་ནི་གདོད་མའི་གླུ་ཚིག་ཡིན་ཏེ་བོད་མི་དམངས་ཀྱིས་ངལ་རྩོལ་གྱི་ནང་ནས་ཐུན་མོང་དུ་གསར་རྩོམ་དང་དར་སྤེལ། རྒྱུན་འཛིན་བཅས་བྱས་ནས་དུས་རབས་སོ་སོའི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་ཐུབ་ཅིང་། འབྲོག་གླུ་དེ་ཡང་འགྲོ་བ་མིའི་རིགས་ཆགས་པ་དང་མི་དང་མིའི་དབར་གྱི་འབྲེལ་འདྲིས་ཀྱི་ལག་ཆ་བྱུང་བ། མི་རྣམས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་འགོ་བརྩམས་པ་དང་བྱུང་བས་བོད་ཀྱི་རྩོམ་རིག་ཁྲོད་ནས་དར་སྔ་ཤོས་ཤིག་ཡིན་པ་ཤེས་ཐུབ།
གཉིས་པ། འབྲོག་གླུའི་གོ་དོན་བཤད་པ།
དེ་ཡང་འབྲོག་གླུའམ་ལ་གླུའི་ཡིག་ངོས་ནས་གོ་བ་བླངས་ན་ལ་སྟེ་ཕྱུགས་རིགས་འཚོ་སའི་ས་ཆ་གཙང་ཞིང་མཐོ་ལ་མི་རྒྱུ་འགྲུལ་ཉུང་བའི་གནས་དག་ལ་གོ་བ་དང་། གླུ་ཞེས་པ་ནི་དེང་གི་མཁས་པ་རྣམས་ཀྱིས་འདོད་རྒྱལ་གྱི་ཐ་སྙད་ཅིག་ཏུ་བཟུང་ནས་དབྱངས་དང་བཅས་ངག་ནས་གྱེར་ཆོག་པ་ཞིག་ཡིན་ལ། ཕྱུགས་རིགས་ཁོ་ན་བདག་སྐྱོང་བྱེད་མཁན་གྱི་འབྲོག་པ་ཆོས་ཕྱུགས་ཟོག་འཚོ་ཞོར་དུ་རི་ཐང་ཀླུང་ཁྲོད་དུ་སྙན་འཇེབས་ཀྱི་དབྱངས་རྟ་སྣ་ཚོགས་བླངས་པར་འབྲོག་གླུ་ཞེས་པའི་ཐ་སྙད་ཐོགས་ཤིང་། དུས་ཡུན་རིང་པོའི་འཕེལ་རྒྱས་ལ་བརྟེན་ནས་ད་ལྟ་ང་ཚོའི་རྣ་ལམ་དུ་ཐོས་རྒྱུ་ཡོད་པའི་འབྲོག་གླུ་ཞེས་སྙན་ངག་མེ་ལོང་མ་མ་དར་གོང་གི་འབྲོག་ཁུལ་གྱི་རང་བྱུང་སྙན་ངག་དེ་ཉིད་གྲུབ་པ་ཡིན།
གླུ་ཞེས་པ་མི་རྣམས་ཀྱི་ནང་བསམ་པའི་འགྱུར་བ་ཇི་སྙེད་པ་དང་། སྤྱི་ཚོགས་ཀྱི་སྣང་ཚུལ་ཅི་རིགས་མཚོན་པར་བྱེད་ཅིང་། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་དབྱངས་རྟ་ཅན་གྱི་བརྗོད་པ་ཀུན་ལ་གོ་བ་སྟེ། མགུར་གླུ་དང་། སྒྲུང་གླུ། ལ་གླུ། གླུ་གཞས། གླུ་གར་སོགས་མང་དུ་ཡོད་ཅིང་། ཐ་སྙད་དེའི་སྔོན་དུ་ལ་ཞེས་པའི་ཚིག་འབྲུ་དེ་སྣོན་སྐབས་བོད་མི་རིགས་ཀྱི་གླུ་བྱེ་བྲག་པ་ཞིག་ཡིན་པ་ཤེས་ཐུབ།
གསུམ་པ། འབྲོག་གླུའི་ནང་དོན་གྱི་ཁྱད་ཆོས་སྐོར་གླེང་བ།
དེ་ཡང་འབྲོག་གླུའི་མཚོན་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་སྐོར་གླེང་སྐབས་མི་མང་པོས་དེ་ནི་ཕོ་མོ་ཕནཚུན་གྱི་བརྩེ་དུང་སྐོར་ནང་དོན་དུ་བྱས་པའི་མཛའ་གཞས་ལྟ་བུ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དུ་དེ་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་རང་རེའི་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ནང་མི་དང་མིའི་བར་གྱི་འབྲེལ་བ་དང་། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་སོགས་སྤྱི་ཚོགས་ཀྱི་འཚོ་བ་དངོས་རྨང་གཞིར་བྱས་ནས་མཚོན་པའི་ནང་དོན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན།
འབྲོག་གླུའི་ནང་དོན་གྱི་ཁྱད་ཆོས་ངོས་ནས་བརྗོད་ནའང་ཕོ་མོ་ཕན་ཚུན་བར་གྱི་བརྩེ་དུང་མཚོན་པ་ཙམ་མ་ཡིན་པར། ཕ་མ་སྤུན་མཆེད་དང་གྲོགས་དགའ་ཉེ་བར་གྱི་འབྲེལ་བ་མཚོན་པ་དང་། སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་སོགས་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་ཞིག་ཡིན་ཞིང་། འབྲོག་གླུའམ་ལ་གླུའི་རྣམ་པའི་དབྱེ་བ་འབྱེད་ཚུལ་གྱི་ཐད “དེ་སྔ་བྱང་འབྲོག་གི་ལ་གླུ་ཕྱོགས་བསྡུས་གནང་མཁན་གྱི་ཤེས་ལྡན་པ་རྣམས་ནས་བསྟོད་གླུ་དང་། ཁྲམ་གླུ། མཛའ་གླུ མཐུན་གླུ་སོགས་སུ་དབྱེ་བ་ཕྱེ་སྲོལ་དང་། གཞན་ཡང་སྲིད་པའི་གླུ་ཆེན་དང་། ཁྲམ་གླུ། མཛའ་གླུ། མཚར་གླུ། སློབ་གསོའི་གླུ། ཟུར་ཟའི་གླུ། ཁྲོལ་གླུ། གླུ་ཤགས། རིག་རྩོམ་བཅས་ཀྱི་དབྱེ་བ་ཕྱེ་སྲོལ་འདུག་ཀྱང་འདིར་རང་ཉིད་ཀྱིས་ནང་དོན་ཐད་དབྱེ་བ་འགའ་ཤས་ཕྱེ་བ་གཤམ་གསལ་འདི་ལྟ་སྟེ།
① རྩེ་མགོ་རྩོམ་པའི་སྐོར།
དེའང་འབྲོག་གླུ་ནི་འབྲོག་པ་སྤྱི་དང་ལྷག་དོན་དུ་སྔར་ཞང་ཞུང་བོན་གྱི་མངའ་ཁོངས་སུ་གཏོགས་པའི་མངའ་རིས་ས་ཁུལ་དང་བོད་བྱང་ཐང་ནག་ཆུའི་ཁུལ། ཁམས་ཁུལ་གྱི་བྱང་ངོས་བཅས་སུ་གཙོ་བོ་དར་ཁྱབ་ཆེ་བ་ཞིག་ཡིན་ཞིང་། འབྲོག་གླུའམ་ལ་གླུ་ཁྱོན་ཡོངས་ལ་དབྱེ་ཞིབ་བྱེད་སྐབས་ཐོག་མར་རྩེ་མགོ་རྩོམ་པ་ཞིག་ཡིན་ཏེ། དཔེར་ན།
ཁྱོད་རང་འཐག་འཁོར་ལོ་ཆུ་འཁོར་རེད། ཆུ་གཙང་པོ་མེད་ན་རང་འདུག་རེད།
དེ་འདྲ་གི་ཆུ་འཁོར་ལན་ཆགས་རེད། ཁྱོད་ཁ་འཆལ་ཞི་ལེ་མགོ་སྟོང་རེད།
ཁ་ལ་གཞས་མེད་ན་ལྐུགས་པ་རེད། དེ་འདྲ་ཡི་རྩེད་རོགས་ལན་ཆགས་རེད་ཅེས་པ་ལྟ་བུའོ།
② རོགས་འཚོལ་བའི་སྐོར།
འབྲོག་གཞས་སམ་ལ་གླུའི་ནང་དོན་གྱི་ཐད་གཞན་ཡང་རོགས་འཚོལ་བའི་སྐོར་ཡོད་པ་དཔེར་ན། རྡོ་ཡག་པ་གང་གི་གང་ན་ཡོད། རྡོ་ཡག་པ་རྡོ་ཧྲོག་གསེབ་ཏུ་ཡོད།
རྡོ་ཡག་འདུག་ཁྱོད་ཀྱིས་རིག་ལེ་རེད། རྡོའི་རྒྱུ་བ་རང་གིས་བདམས་ནས་ལྟོས།
རོགས་ཡག་པ་གང་གི་གང་ན་ཡོད། རོགས་ཡག་པ་བདེ་ཆེན་གྲོང་ན་ཡོད།
རོགས་ཡག་འདུག་ཁྱོད་ཀྱིས་རིག་ལེ་རེད། ཁྲེལ་ཡོད་འདུག་ཁྱོད་ཀྱིས་འགྲོགས་ནས་ལྟོས། ཞེས་པ་ལྟ་བུའི་ནང་དུ་གོང་དུ་རྡོ་ཡག་འདུག་དཔེ་རུ་བྱས་ནས་རང་ཉིད་ཀྱིས་དུས་རྒྱུན་འཚོ་བའི་ནང་དུ་གྲོགས་འདྲིས་སྐབས་མི་ལེགས་ཉེས་ཤེས་དགོས་པའི་བསླབ་བྱ་བསྟན་པ་ལྟ་བུའོ།
③ ཞེ་མཐུན་པའི་སྐོར།
ཞེ་མཐུན་པ་ཞེས་ཕན་ཚུན་བློ་མཐུན་པའི་སྐོར་ཡིན་པས་ན་གཞོན་ཕོ་མོ་ཕན་ཚུན་ནམ་ཡང་ན་རོགས་ཕན་ཚུན་བར་འབྲེལ་འདྲིས་བྱས་པ་ལས་ད་ལྟ་བློ་མཐུན་གྲོཌ་འདྲིས་སུ་གྱུར་ཡོད་པ་དཔེར་ན། མཛོ་ཁྱུང་དཀར་སྙིང་ལ་རྗེ་བོ། ངས་མཛོ་བརྒྱ་མཛོ་མང་གྲས་ནས།
མཛོ་ཟུང་གི་སྔ་བ་ཁྱོད་ཡིན། ཁྱོའི་ཡན་གྱི་མཛོ་ཞིག་མི་ཉོ།
རོགས་ཆུང་ལོ་སྙིང་ལ་རྗེ་པོ། ངས་རོགས་བརྒྱ་རོགས་མང་གྲས་ནས།
རོགས་རྩེད་ཀྱི་སྔ་བ་ཁྱོད་ཡིན། ཁྱོད་ཡན་གྱི་རོགས་ཤིག་མི་འཚོལ། ཞེས་པ་ལྟ་བུའོ།
གཞན་ཡང་འབྲོག་གླུ་མང་ཆེ་བའི་ནང་དོན་བསྡུས་བརྗོད་ཀྱི་ལམ་ནས་བརྗོད་པ་ཞིག་ཡིན་རྐྱེན་དེར་དམིགས་འཛུགས་ཀྱི་ནང་དོན་འདི་ཡིན་ཞེས་བསྟན་རྒྱུ་མེད་པར་ནང་དོན་རྒྱ་ཆེན་པོར་ཁྱབ་ཡོད་པ་ཞིག་ཡིན་པ་དཔེར་ན། འགྲོ་མ་མྱོང་ན་མར་གཞུང་ལ་སོང་། ཐུག་མ་མྱོང་རྐྱང་རྒོད་ཧོབ་ཐུག་བརྒྱབ།
ཁོས་མ་བསྡད་ང་ལ་དྲུག་ཆ་ངོམས། ངས་མ་བསྡད་རལ་གྲི་ཤུབས་ལས་བཏོན་ཞེས་པ་ལྟ་བུ་ནི་ཕོ་མོའི་བརྩེ་དུང་མཚོན་པ་ཞིག་མ་ཡིན་པར་སྤྱི་ཚོགས་ནང་གི་འཚོ་བའི་གྲུ་ཟུར་ག་གེ་མོ་མཚོན་པ་ཞིག་ཡིན་ནོ།
བཞི་པ། འབྲོག་གླུའི་ཚིག་སྦྱོར་གྱི་ཁྱད་ཆོས་སྐོར་གླེང་བ།
དེ་ཡང་འབྲོག་གླུ་ནི་བོད་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་རང་བྱུང་ཁམས་ལ་འཐབ་རྩོད་དང་སྤྱི་ཚོགས་ལ་གོམས་འདྲིས་བྱེད་པའི་བརྒྱུད་རིམ་ནང་གསར་གཏོད་བྱས་པའི་རང་གི་བློ་གྲོས་དང་སྒྱུ་རྩལ་གྱི་ཉིང་བཅུད་གཅིག་ཏུ་འདུས་པའི་གླུའི་རིགས་ཤིག་ཡིན་པ་དང་། བོད་ཀྱི་དེང་སྐབས་ཀྱི་སྙན་ངག་ཁག་དང་བསྡུར་ན་འབྲོག་གླུར་བོད་ཀྱི་རྩོམ་རྩལ་དང་སྒྱུ་རྩལ་གྱི་ཉམས་དེ་བས་དོད་པོ་ཡོད། བོད་ཀྱི་སྙན་ངག་ཕལ་ཆེ་བ་ནི་ས་སྐྱའི་སྐབས་དང་ཕག་གྲུའི་སྐབས་སུ་དར་བ་ཞིག་ཡིན་རྐྱེན་རྒྱ་གར་སྙན་ངག་གི་ཤན་ཞུགས་ཏེ་བོད་རང་ཉིད་ཀྱི་སྒྱུ་རྩལ་ཁྱད་ཆོས་ཉམས་ཞན་དུ་གྱུར་ཡོད་ཀྱང་འབྲོག་གླུ་ནི་དེ་ལྟར་མ་ཡིན་པར་བརྗོད་བྱ་དང་བརྗོད་བྱེད་གང་ཅིའི་ཐད་ནས་བོད་རང་ཉིད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་སྒྱུ་རྩལ་ཁྱད་ཆོས་མངོན་གསལ་དོད་པ་དང་། གོ་བདེ་བ། དཔེ་དོན་འབྲེལ་ཆགས་པ། གསོན་ཉམས་དོད་པ། དཔེ་རྣམས་ཀྱང་བོད་རང་ཉིད་ཀྱི་ཡུལ་དུ་ཡོད་པའི་སེམས་མེད་དང་སེམས་ལྡན་གང་རུང་དུ་སྦྱར་བས་མང་ཚོགས་ཀྱིས་ཧ་ཅང་གོ་བདེ། གཞན་ཡང་བསྡུས་བརྗོད་དང་རང་རྟོག་ཟུང་ལྡན། ཟླ་བོ་དངོས་དཔེ་སོགས་སྙན་ངག་མེ་ལོང་མའི་རྒྱན་གྱིས་ཕྱུག་སྟེ་སྙན་ཞིང་ཡིད་དབང་འཕྲོག་པ་ཞིག་ཏུ་གྱུར་ཡོད།
① བརྗོད་བདེ་ཞིང་དཔེ་དོན་གོ་སླ་བ།
འབྲོག་གླུའི་ནང་གི་ཚིག་སྦྱོར་ལ་བལྟས་ན་སྦྱོར་དཀའ་བ་དང་། མངོན་བརྗོད་བརྡ་ཪྙིང་སོགས་ཀྱི་མ་བཅིངས་པར་ཕལ་སྐད་རང་སོར་བཞག་པ་དང་། བོད་རང་གི་མིང་གི་སྦྱོར་ལུགས་དང་ངག་གི་བརྗོད་པ་སྡེབ་སྟངས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པར་བྱས་ནས་འབྲོག་གླུའི་ཐུན་མོང་མ་ཡིན་པའི་བྲོ་བ་མི་ཉམས་པའི་ཆེད་དང་། རིག་གནས་ཆུ་ཚད་མཐོ་དམའ་ཀུན་གྱིས་གོ་དོན་རྟོགས་ཐུབ་ཅིང་བློ་ལ་འཇགས་བདེ་བའི་ཁྱད་ཆོས་ལྡན་ཡོད་པ་དཔེར་ན། རྟ་རྒྱུགས་འདོད་ཞེ་ན་ཨེ་ཡོད། རྟ་རྒྱུགས་འདོད་ཞེ་ན་ཡོད་ན། ཁྱོད་རྒྱུགས་ས་སྤང་དཀར་ཀླད་ན་ཡོད། ཁྱོད་རྒྱུགས་རོགས་ཁ་དཀར་རྐྱང་དེ་ཡོད། རོགས་རྩེད་འདོད་ཞེ་ན་ཨེ་ཡོད། རོགས་རྩེ་འདོད་ཞེ་ན་ཡོད་ན། ཁྱོད་རྩེད་ས་སྡེ་ཆེན་གྲོང་ན་ཡོད། ཁྱོད་རྩེད་རོགས་བུ་ཚ་ང་ཡོད་ལྟ་བུ་གོ་བདེ་ལ་ངག་ནས་ཤར་མར་འདོན་བདེ་བའི་ཁྱད་ཆོས་ཡོད་པའོ།
② འབྲོག་གླུར་སྒྲ་རྒྱན་གྱིས་བརྒྱན་ཡོད་པ།
དེ་ཡང་སྒྲ་རྒྱན་གྱི་ནང་གསེས་ཟུང་ལྡན་རྒྱན་ནི་སྙན་ངག་མེ་ལོང་མ་ལས་བོད་དུ་བསྒྱུར་བའི་རྒྱན་གྱི་སྦྱོར་ཚུལ་རིགས་ཤིག་ཡིན་པའི་དབང་གིས་ཕྱིས་སུ་ཤེས་ཡོན་ཅན་ནམ་མཁས་དབང་མང་པོས་རྒྱ་གར་རང་ནས་དར་བའི་རྒྱན་གྱི་སྦྱོར་ཚུལ་ཞིག་ཡིན་པར་བསམས་པ་ལས། བོད་ཀྱི་རང་ཉིད་ལ་གནའ་བོའི་དུས་ནས་རྒྱན་དེ་འདྲ་ཞིག་སྦྱོར་ཚུལ་ཡོད་པར་ཐུགས་དགོངས་གཏན་ནས་བཞེད་མ་མྱོང་། འོན་ཏེ་ང་ཚོས་བོད་ཀྱི་གདོད་མའི་མགུར་གླུ་དང་དམངས་གཞས་དང་གཏམ་དཔེ་སོགས་ལ་མནོ་བསམ་ཞིག་བཏང་ཚེ། ཟུང་ལྡན་རྒྱན་ནི་སྙན་ངག་མེ་ལོང་མ་བོད་ལ་མ་བསྒྱུར་བའི་གོང་ནས་རྒྱན་དེར་མིང་མེད་པ་མ་གཏོགས་སྦྱོར་ཚུལ་རང་རེའི་བོད་ལ་གནའ་སྔ་མོ་ནས་ལྡན་ཡོད་པ་ཞིག་ཡིན་པ་ཤེས་ཐུབ། དཔེར་ན། ལ་གླུའི་ནང་དུ་ཟུང་ལྡན་རྒྱན་སྦྱར་སྲོལ་ཡོད་པ་དཔེར་ན། རི་ཆུང་ཆུང་བུམ་པ་འདྲ་ལེའི་སྟེང། བྱ་ཆུང་ཆུང་འབབ་ན་ཨེ་ཆོག་འདྲི། ཐང་ཆུང་ཆུང་མེ་ལོང་འདྲ་ལེའོ་སྟེང་། རྟ་ཆུང་ཆུང་རྒྱུགས་ན་ཨེ་ཆོག་འདྲི་ཞེས་པ་འདི་ལྟ་བུ་ཆུང་ཆུང་ཞེས་པའི་ཚིག་དེ་ཚིག་རྐང་ཚང་བའི་བར་དུ་སྦྱར་བས་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་རྒྱན་དུ་གྱུར་པ་དང་། དེ་བཞིན་རྐང་པའི་མཐར་སྦྱར་བ་དང་ཐོག་མར་སྦྱར་བ་སོགས་ཀྱང་ཧ་ཅང་མང་བས་འདིར་ཡིག་ཚོགས་མང་བར་དོགས་ནས་རིགས་འགྲེ་སྟེ་ཤེས་པར་བྱའོ།
③ འབྲོག་གླུར་དཔེ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཡོད་པ།
དེ་ཡང་འབྲོག་གླུའི་རྩོམ་རྩལ་ཁྱད་ཆོས་གཞན་ཞིག་ནི་འབྲོག་གླུ་མང་ཆེ་བ་ནི་རབ་རྟོག་དང་བསྡུས་བརྗོད་སོགས་དཔེ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་ཡིན་པ་སྟེ་དཔེར་ན། རྟ་རྒྱུགས་ཤིག་ཟེར་ན་རྒྱུགས་པས་ཆོག སྒ་གསེར་སྒ་སྟོད་ལ་བསྐྱོན་ནས་ཡོད། ཡང་མ་རྒྱུགས་ཟེར་ན་མ་རྒྱུགས་ཆོག སྲབ་སྔོན་མོ་ཁ་ལ་གཡོགས་ནས་ཡོད་ཞེས་པ་ལྟ་བུ་ནི་གང་བརྗོད་པར་འདོད་པའི་དོན་དེ་ཐད་ཀར་ཚིག་ཟིན་ལ་བསྟན་པར་དེ་འདྲ་བའི་བརྗོད་བྱ་གཞན་ཞིག་ཁོག་ཏུ་སྦས་ནས་བརྗོད་པའི་རྒྱན་སྤྱད་ཡོད་པ་དང་། ཡང་དཔེར་ན། རི་ཆེན་རི་ཆུང་གྲལ་སྒྲིག་རེད། རྫ་རི་རག་པ་ཁེར་བཅད་རེད། ཡག་དྲགས་ནས་ཁེར་བཅད་མ་རེད་དེ། ཤ་རྒྱ་མོ་མ་འཁོར་ཁེར་བཅད་རེད་ཅེས་པ་ལྟ་བུ་སེམས་མེད་རབ་རྟོག་གི་རྒྱན་སྤྱད་ཡོད་པ་སོགས་རྒྱན་སྣ་ཚོགས་ཀྱིས་ཕྱུག་པ་ཞིག་ཀྱང་ཡིན།
④ འབྲོག་གླུའི་དཔེ་དོན་སྦྱོར་ཚུལ་སྐོར།
བོད་ཀྱི་དེང་སྐབས་དང་ཉེ་རབས་ཀྱི་སྙན་ངག་མང་ཆེ་བའི་ནང་དཔེ་དོན་སྦྱར་བ་ཧ་ཅང་མང་ཡང་དེ་དག་ལ་སྙན་ངག་མེ་ལོང་མའི་ཤན་ཞུགས་པ་མང་བ་སྟེ། དཔེར་ན། མིག་ནི་ཨུད་པལ་བཞིན་དུ་བཀྲ་ཞེས་དཔེ་རྒྱ་གར་ཡུལ་གྱི་མེ་ཏོག་རིགས་ཤིག་སྦྱར་བ་དང་། དེ་བཞིན་རྒྱ་གར་ཡུལ་གྱི་དཔེ་སྦྱར་སྟངས་ཏེ། པདྨ་དང་ཀུ་མུད། འབིགས་བྱེད། དབྱངས་ཅན་མ་སོགས་ཧ་ཅང་མང་ཡང་། འབྲོག་གླུའི་ནང་དཔེ་དེ་ལྟ་བུ་བཀོད་པ་ཧ་ཅང་དཀོན། དེ་ལས་ལྡོག་སྟེ། བོད་རང་ཉིད་ཀྱི་ཡུལ་དུ་ཡོད་པའི་བྱ་ཐང་དཀར་དང་འབྲོང་བྲེ་སེར། སྟག་དམར་ཡག གངས་རི་དང་རྫ་རི། རྩྭ་ཐང་སོགས་ལ་སྦྱར་བ་ཧ་ཅང་མང་པོ་ཡོད། དེ་ལྟར་བོད་རང་ཉིད་ཀྱི་ཡུལ་དུ་ཡོད་པའི་བྱ་དངོས་དག་དཔེ་རུ་བཀོད་པས་ཡུལ་དེ་གའི་ཉན་པ་པོ་རྣམས་ཀྱིས་བདེ་བླག་ངང་རྟོགས་ཐུབ་པ་དང། ཚིག་སྦྱོར་རྣ་བར་སྙན་ཞིང་བློ་ལ་ངེས་བདེ་བ་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན་ཡོད་པ་སྟེ། དཔེར་ན། བྱ་ཐང་དཀར་མ་ལྡིང་ས་གཅིག་མེད། སྒྲོ་ཐ་ཐོར་མ་གཡུགས་ས་གཅིག་མེད་ཅེས་པ་ལྟ་བུ་བོད་རང་ལ་ཡོད་པའི་བྱ་ཐང་དཀར་རྒོད་པོ་དཔེ་རུ་བཞག་པ་ལྟ་བུ་རེད།
མདོར་ན། འབྲོག་གླུའི་བརྗོད་བྱེད་ཚིག་སྦྱོར་བབ་ཆགས་ལ་དབྱངས་ཀྱི་འགྱུར་ཁུག་གསལ་ཞིང་དཔེ་དོན་འབྲེལ་ཆགས་པ། རྣ་བར་སྙན་ཞིང་ཡིད་དབང་འཕྲོག་ནུས་ལྡན་པ་དང་། བརྗོད་བྱ་རྒྱ་ཆེ་ལ་གཏིང་ཟབ་པ་བོད་མིའི་ཡུལ་གོམས་གཤིས་ལུགས་དང་མཐུན་པ་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད་པས་དམངས་སྲོལ་རིག་གནས་ཀྱི་རོ་བཅུད་འཛོམས་པའི་སྒྱུ་རྩལ་གྱི་ནོར་བུ་བཀྲག་མདངས་ཅན་ཞིག་ཡིན་ནོ།
(ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭའི་བོད་ཡིག་སློབ་དཔྱོད་ཁང་གི་སྐལ་བཟང་དགྲ་འདུལ་གྱིས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣