དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>འཚོ་བ་དང་ཐོན་སྐྱེད་ཡོ་བྱད།
  • གའུ་ནང་བོད་ཀྱི་རིག་གནས་ཉིང་བཅུད་འདུས་ཡོད་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

        གའུ་ནི་སྐེ་ལ་འདོགས་བྱེད་ཅིག་ཡིན་ཞིང་། གའུ་ཡི་ནང་སྤྱིར་བཏང་སྐུ་འདྲ་ཆུང་ངུ་དང་། ཆོས་དཔར་གྱི་དར་སྲབ། རིང་བསྲེལ། བདུད་རྩི་རིལ་བུ། བླ་མ་སྐྱེས་ཆེན་གྱི་དབུ་སྐྲ་དང་རྩ་ཆེའི་དྲས་ཧྲུག་སོགས་བླུགས་ཡོད། དེ་ཉིད་གདོན་འདྲེའི་གནོད་པ་དང་མཚོན་ཆ་སོགས་སྲུང་བ་དང་བར་ཆད་སེལ་ཞིང་ཤེས་རབས་འཕེལ་ཆེད་དུ་ཡིན་ཞེས་བརྗོད་སྲོལ་ཡོད།

        གའུ་ཡི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས།

        

        གའུ་ཡི་རྒྱུ་ཆ་ནི་གསེར་དང་། དངུལ། ཟངས་སོགས་ལས་བཟོས་པ་དང་། གཟུགས་དབྱིབས་དང་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད། སྐྱེས་པའི་གའུ་གྲུ་བཞི་དང་བུད་མེད་ཚོའི་གའུ་སྤྱིར་བཏང་སྒོར་དབྱིབས་ཡིན། གའུ་ཕལ་ཆེ་བ་སྐེ་ལ་བཏགས་ནས་བྲང་དུ་དཔྱང་གི་ཡོད། གའུ་དེ་ནི་ལུས་སྲུང་ཞིག་ཡིན་ལ་རྒྱན་ཆ་ཞིག་ཀྱང་ཡིན། དེར་བརྟེན་བོད་རིགས་ཀྱིས་གའུ་འདོགས་རྒྱུར་དང་དོད་ཆེན་པོ་ཡོད། གའུ་ཡི་དབྱིབས་འདྲ་མིན་སྣ་ཚོགས་ཡོད་ཅིང་། སྤྱིར་བཏང་དངུལ་དང་ཟངས་རྒྱུ་ལས་བཟོས་པ་དང་གའུ་ཡི་ཕྱི་ངོས་སུ་གཟི་དང་། བྱུ་རུ། གཡུ་སོགས་ཀྱི་ཕྲ་རྒྱན་དང་རི་མོ་སྣ་ཚོགས་བཀོད་ཡོད། གའུ་ཡི་ནང་ད་དུང་སྐུ་འདྲ་དང་། བླ་མ་སྐྱེས་ཆེན་ཚོས་སྤྱོད་མྱོང་བའི་དངོས་རྫས་དང་སྲུང་འཁོར་སོགས་བླུགས་ཡོད། གའུ་ནི་སྐུ་འདྲ་བླུཌ་ས་ཞིག་ནས་ད་ཆ་བོད་རིགས་བུད་མེད་ཚོའི་མེད་དུ་མེད་རུང་བའི་རྒྱན་ཆ་ཞིག་ཏུ་གྱུར་བ་དང་གའུ་བཏགས་ན་གནོད་པ་འགོག་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད།

        

        ཐེ་ལེན་ས་ཁུལ་དུ་གའུ་འདོགས་མཁན་ཧ་ཅང་མང་པོ་ཡོད། ང་ཚོ་ཀྲུང་གོའི་སྐམ་ས་ཆེ་མོའི་ཁུལ་དུ་སྐེ་ལ་འདོགས་བྱེད་ཀྱི་སྐུ་འདྲ་མང་ཆེ་བ་ནི་གཡང་ཊི་དང་ཆུ་ཤེལ་ལས་བཟོས་པ་ཞིག་ཡིན་པས་ཤ་ངོས་སུ་ཐད་ཀར་བཏགས་ཆོག ཐེ་ལེན་དང་བོད་རིགས་ས་ཁུལ་དུ་འདོགས་པའི་སྐུ་འདྲ་མང་ཆེ་བ་ནི་སྤོས་ཐལ་དང་། འདམ། བླ་མ་སྐྱེས་ཆེན་ཚོས་བྱིན་གྱིས་རླབས་པའི་དངོས་རྫས་དང་། རིང་བསྲེལ། བདུད་རྩི་རིལ་བུ་སོགས་ཞིབ་ཞིབ་བཟོས་ཏེ་བཞེངས་པ་ཞིག་ཡིན་ཞིང་། ཐེ་ལེན་སོགས་ཨེ་ཤེ་ཡ་ཤར་ནུབ་ཁུལ་དུ་དེར “སྐུ་འདྲའི་བྱང་བུ ”ཞེས་བརྗོད་པ་དང་བོད་དུ “ཚ་ཚ ”ཞེས་ཟེར། རྒྱུ་དེ་དག་གིས་བཞེངས་པའི་སྐུ་འདྲ་དེ་དག་ཆུ་དང་ཐུག་ན་འདལ་འགྲོ་བས་ཁོང་ཚོས་གའུ་ཡི་ནང་བཅུག་ནས་སྐེ་ལ་བཏགས་ཏེ་སྲུང་སྐྱོབ་དང་ཆུ་འགོག་གི་ནུས་པ་ཐོན་པ་བྱེད་ཀྱི་ཡོད།

        བོད་དང་། རྒྱ་གར། ནེ་པ་ལ། ཨེ་ཤེ་ཡ་ཤར་ནུབ་བཅས་ས་ཁུལ་དུ་སྐེ་ལ་འདོགས་བྱེད་ཀྱི་སྐུ་འདྲ་ཆུང་ངུ་རྣམས་རྒྱུ་གསེར་དངུལ་ཟངས་སོགས་ཀྱིས་བཟོ་ཡི་ཡོད། རྒྱུ་དེ་དག་ལས་བཞེངས་པའི་སྐུ་འདྲར་འབུ་མི་རྒྱག་པ་དང་མི་རུལ་བའི་ཁྱད་ཆོས་ལྡན།

        གའུ་ནང་གི་དད་སེམས།

        

        བོད་རིགས་མི་སེར་ཚོའི་ངོས་ནས་བརྗོད་ན། སྐུ་འདྲ་ཆུང་ངུའམ་ཡང་ན་བླ་མ་སྐྱེས་ཆེན་གྱི་བྱིན་རླབས་ཐོབ་པའི་དངོས་རྫས་གའུ་ཡི་ནང་བླུགས་པ་ནི་ཆོས་ལུགས་རིག་གནས་ཀྱི་མཚོན་ཚུལ་ཞིག་རེད། བོད་རིགས་མི་སེར་ཚོས་སངས་རྒྱས་ཀྱི་སྐུ་འདྲ་ཐད་ཀར་ཤ་ལ་ཐུག་ནས་འདོགས་ཀྱི་མེད། དེ་ལྟར་བྱས་ན་སངས་རྒྱས་གོང་དུ་མི་བཀུར་བ་དང་སྐུ་འདྲར་བཙོག་སྐྱོན་གཏོང་བའི་སྤྱོད་ཚུལ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཁོང་ཚོས་གའུ་ཡི་ནང་ཆེད་མངགས་སྐུ་འདྲ་བླུགས་ནས་འདོགས་ཀྱི་ཡོད། གའུ་ལ་མི་གཞན་གྱིས་གང་བྱུང་དུ་རེག་མི་ཆོག དུས་ཆེན་འཆར་རིམ་བཞིན་བར་སྐོར་ཁྲོམ་གཞུང་དུ་ངོ་མཚར་ཡིད་དུ་འོང་བའི་རྒྱན་ཆ་དང་གའུ་སྣ་ཚོགས་མཐོང་རྒྱུ་ཡོད།

        དེས་ན་གའུ་ཆུང་ཆུང་ཞིག་ནང་སྐུ་འདྲ་བླུགས་པ་ཙམ་མ་ཡིན་པར་མི་སེར་ཚོའི་དད་སེམས་གཙང་མ་ཞིག་ཀྱང་མཚོན་ཡོད།

        གའུ་ཉར་ཚགས་དང་བདག་སྐྱོང་།

        

        ལོ་ཉི་ཤུ་ལྷག་ཙམ་རིང་གའུ་རྙིང་པ་ཉར་ཚགས་བྱེད་མཁན་མང་དུ་ཕྱིན་ཡོད། མ་གཞི་གའུ་དེ་ཉིད་ཉར་ཚགས་དངོས་པོ་གཙོ་བོ་ཞིག་མིན་ཡང་གའུ་ཡི་བཟོ་རྩལ་ཞིབ་ཚགས་ལ་ཆོས་ལུགས་ཀྱི་དོན་སྙིང་ལྡན་པས་ཁྲོམ་རའི་ཐོག་གའུ་ཉོ་བའི་ཚ་རླབས་ཤིག་འཕྱུར་ཡོད། ཉར་ཚགས་བྱེད་མཁན་མང་པོ་ཞིག་གིས་ལོ་མང་པོ་ཕྱིན་པ་དང་བཟོ་རྩལ་ཞིབ་ཚགས་པའི་གའུ་ཉར་ཚགས་བྱེད་འགོ་ཚུགས་ཤིང་། དེ་སྔ་རྒྱལ་སྤྱིའི་ཕམ་འཚོང་ཁྲོམ་རའི་ཐོག་ཆིང་དུས་རབས་ཀྱི་རྒྱུ་དངུལ་ལས་གྲུབ་པའི་གའུ་རྙིང་པ་ཞིག་ལ་རིན་གོང་སྒོར་ཁྲི་བརྒྱ་བརྒྱབ་ཡོད།

        

        ང་ཚོས་ཇི་ལྟར་བྱས་ཏེ་གའུ་ཉར་ཚགས་དང་བདག་སྐྱོང་བྱེད་དགོས་སམ། བོད་ཀྱི་ཉར་ཚགས་མཁས་ཅན་མཐུན་ཚོགས་ཀྱི་དྲུང་ཆེ་ཝང་དབྱི་ཝུན་གྱིས “གའུ་ཉར་ཚགས་བྱེད་སྐབས་དང་ཐོག་ངེས་པར་དུ་རྒྱུ་གསེར་དངུལ་ལ་ཉམས་ཞིབ་བྱས་ཏེ་གསེར་དངུལ་གྱི་དབྱེ་བ་འབྱེད་ཤེས་པ་དགོས། ཁྲོམ་རའི་ཐོག་བོད་དངུལ་སྤུས་མ་ཡིན་ཟེར་བ་དེ་དག་སྤྱིར་བཏང་བྱས་ན་ཟངས་ལས་བཟོས་པ་ཞིག་རེད། དེར་བརྟེན་བོད་དངུལ་ལས་བཟོས་པའི་གའུ་ཁེ་པོ་ཡོད། རྒྱུ་གསེར་ལས་གྲུབ་པའི་གའུ་ནི་གོང་ཚད་མཐོ་ཤོས་ཡིན་ཡང་གསེར་སྤུས་མ་ཞིག་ཡིན་མི་སྲིད། ད་དུང་དེའི་བཟོ་རྩལ་ཞིབ་ཚགས་ལོས་དང་ལོ་རབས་སོགས་ལ་ལྟ་དགོས། གའུ་ཡི་ནང་གི་སྐུ་འདྲ་གསེར་ལས་གྲུབ་ཕྱིན་རྩ་བ་ཧ་ཅང་ཆེ ” བདག་སྐྱོང་བྱེད་པའི་ཐད། བོད་འདི་ཉིད་སྐམ་ཤས་ཆེ་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་པས་བོད་རིགས་ཀྱི་སྲོལ་རྒྱུན་བདག་སྐྱོང་བྱེད་ཐབས་ནི་གའུ་ལ་མར་བྱུག་རྒྱུ་དེ་ཡིན། གའུ་ལ་མར་བྱུགས་ཚེ་སྣུམ་ཞག་དོད་ཅིང་འོད་མདངས་རྒྱས་ཐུབ་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།