དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྨན་བཅོས་ཞབས་ཞུ་སྒོ་ཁར་ཐོབ། བདེ་ཐང་འགན་ལེན་བྱུང་བ་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

    2011ལོའི་ལོ་མཇུག་ཏུ་རང་ལྗོངས་ཀྱི་ཕྱོགས་བསྡུས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཏེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཙུགས་པ་ནས་བཟུང་ལྷ་ས་དང་གཞིས་རྩེར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་9ཁྱོན་ཡོངས་ནས་ལས་དོན་སྤེལ་འགོ་ཚུགས་ཤིང་། རང་ལྗོངས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཉིད་གྲོང་ཁྱེར་སྐྲུན་པའི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་གསར་པར་གྱུར་ཏེ་གྲོང་མི་རྣམས་ལ་རང་ཁྱིམ་གྱི་སྒོ་ཁ་ནས་སྨན་བཅོས་ཞབས་ཞུ་སྟབས་གང་བདེ་བདེ་བྱུང་ཡོད།

    “སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ནི། གྲོང་ཁྱེར་གྱི་འཕྲོད་བསྟེན་ལས་དོན་དང་སྡེ་ཁུལ་བསྐྲུན་པའི་གྲུབ་ཆ་གལ་ཆེན་དུ་གྱུར་ཞིང་། དེས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྒྱུར་བཅོས་གཏིང་ཟབ་བྱས་ནས་ལས་ཕྱོད་ཆེ་ཞིང་སྤྱོད་གོ་ཆོད་པའི་གྲོང་ཁྱེར་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་བསྐྲུན་ཏེ་མི་ཚང་མར་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུར་དོན་སྙིང་ཆེན་པོ་ལྡན”ཞེས་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་འཆར་ལྡན་བུ་བཙའི་ཨུ་ལྷན་གཞི་རིམ་འཕྲོད་བསྟེན་ཁྲུའི་ཁྲུའུ་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་དེ་ལྟར་བཤད།

    རང་ལྗོངས་ཀྱི་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་དེ་2009ལོ་ནས་སྤེལ་འགོ་བརྩམས་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་འཕེལ་རྒྱས་དང་། གྲོང་ཁྱེར་འཕེལ་འགྱུར་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པའི་རྒྱབ་ལྗོངས་དང་འབྲེལ་བ་དམ་ཟབ་ཡོད། ལོ་བཅུ་གྲངས་འགའི་འཕེལ་རྒྱས་དང་བསྟུན་ནས་ལྷ་ས་སོགས་མི་འབོར་ངེས་ཅན་ལྡན་ཞིང་མི་ཚོགས་མང་བའི་གྲོང་ཁྱེར་དུ་གྱུར་ཏེ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་གཙོས་པའི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་བསྒྲུབ་རྒྱུ་དེ་སྡེ་ཁུལ་བསྐྲུན་པའི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

    2007ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རང་ལྗོངས་སུ་གྲོང་ཁྱེར་གྱི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་ལ་བརྟག་ཞིབ་དང་འབྲེལ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་སྡེ་ཁུལ་འཕྲོད་བསྟེན་ལས་དོན་ཚོགས་འདུར་ཞུགས་ནས་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ལས་དོན་བསྒྲུབས་ཚུལ་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་སྡེ་ཁུལ་འཕྲོད་བསྟེན་ལས་དོན་ཚོགས་འདུའི་དགོངས་དོན་གྱི་སྙན་ཞུ་ཉན་རྗེས་རང་ལྗོངས་ཀྱི་སྡེ་ཁུལ་དང་། ཁྱིམ་ཚང་། རྒྱུན་སྡོད་གྲོང་མི། གནས་སྡོད་གྲོང་མི་བཅས་ཞབས་ཞུ་བྱ་ཡུལ་དུ་བྱས་ཏེ་གྲོང་ཁྱེར་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཞིབ་འཇུག་བྱས་ནས་བཟོ་རྒྱུར་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རྒྱབ་ལྗོངས་འོག 2008ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་ལ་འཕྲོད་བསྟེན་པུས་རྒྱལ་ཁབ་ཀྱི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་པའི་འབྲེལ་གཏུག་བྱ་ཡུལ་གྱི་གཙོ་གནད་གྲོང་ཁྱེར་དུ་འཇུག་རྒྱུའི་ཆོག་མཆན་སྤྲད་པ་དང་། 2009ལོའི་ལོ་སྟོད་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། འཕྲོད་བསྟེན་པུས་རང་ལྗོངས་ལ་གྲོང་ཁྱེར་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་4འཛུགས་དགོས་པའི་ལས་འགན་སྤྲད་དེ་ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་གཉིས་ལ་ལས་དོན་བརྩམས་འགོ་ཚུགས།

    བཀྲ་ཤིས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། ཉེ་ཆར་རང་ལྗོངས་ཀྱིས་ལས་གཉེར་བྱེད་འགོ་ཚུགས་པའི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་བདེ་ཐང་ཡིག་ཚགས་དོ་དམ་དང་། བདེ་ཐང་སློབ་གསོ། བདེ་ཐང་ཡར་སྐུལ། སྔོན་འགོག་ཁབ་རྒྱག་པ། ལོ་དྲུག་མན་གྱི་བྱིས་པ་དང་། སྦྲུམ་མའི་བདེ་ཐང་། རྒན་རྒོན་བདེ་ཐང་བཅས་ལ་དོ་དམ། ཁྲག་ཤེད་མཐོ་བའི་ནད་པར་ལྟ་སྡོམ། སྨྱོ་ནད་ཕོག་པའི་ནད་པར་དོ་དམ། ནད་རིམས་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་སྙན་ཞུ་དང་ཐག་གཅོད། འཕྲོད་བསྟེན་ལྟ་སྐུལ་མཐུན་སྦྱོར་དོ་དམ་ཞབས་ཞུ་ཚད་ལྡན། ལེགས་བཙའ་ལེགས་གསོའི་ལག་རྩལ་མཛུབ་ཁྲིད་སོགས་ཀྱི་ལས་དོན་གཙོ་གནད་དུ་སྤེལ་ཡོད།

    2014ལོར་རང་སྐྱོང་ལྗོངས་ཀྱི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་སྒོར་ཁྲི་288བཏང་ནས་ལུས་ཁམས་བསྐྱར་གསོའི་སྨན་བཅོས་དང་གློག་སྒུལ་སྟབས་བདེའི་འཁོར་རིགས་སོགས་ཀྱི་སྒྲིག་ཆས་ཉོས་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཐོན་པར་བྱས་པར་བརྟེན་ལྷ་ས་གྲོང་ཁྱེར་གྲྭ་བཞི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས“མང་ཚོགས་ཀྱིས་བློ་ཡིད་ཚིམས་པའི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས”ལ་བདམས་པ་དང་། སྡེ་ཁུལ་གྱི་སྨན་དོན་པ་1དང་ནད་སྐྱོང་བ་1ལ“མང་ཚོགས་བློ་ཡིད་ཚིམས་པའི་སྡེ་ཁུལ་སྨན་པ”དང“མང་ཚོགས་བློ་ཡིད་ཚིམས་པའི་ནད་སྐྱོང་བ”ཞེས་པའི་མཚན་སྙན་སྤྲད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཁག་དང་མཐུན་རྐྱེན་འཛོམས་པའི་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་ལ་འཐུས་སྒོ་ཚང་བའི་གྲོང་ཁྱེར་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཡོངས་ཁྱབ་ངང་འཛུགས་རྒྱུ་ཡིན་པས། དེ་དུས་མང་ཚོགས་རྣམས་སྒོ་ཁ་ནས་སྤུས་ལེགས་ཀྱི་སྔོན་འགོག་བདེ་སྲུང་དང་། ལེགས་བཙའ་ལེགས་གསོ་སོགས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་སྤྱིར་བཏང་གི་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་སོགས་སྨན་བཅོས་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།