དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

    སློབ་མར་སློབ་སྦྱོང་གི་སྤྲོ་སྣང་ལྡན་མིན་ནི་ནང་སེམས་ཁམས་ཀྱི་ཀུན་སློང་དང་སྒུལ་ཤུགས་ལྡན་མིན་མཚོན་པ་ཡིན་པས་དེ་སློབ་མའི་སྦྱངས་འབྲས་མཐོར་འདེགས་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན། དེར་བརྟེན། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེ་བས་འདིར་རང་ཉིད་ཀྱི་རང་བློས་གང་རྟོགས་ཀྱི་ཐབས་ཤེས་འགའ་གླེང་བར་བྱའོ།

    དང་པོ། སློབ་ཁང་ནང་བག་ཕེབས་གུ་ཡངས་ཀྱི་ཁོར་ཡུག་བསྐྲུན་དགོས་པ།

    འཇར་མན་གྱི《འཛམ་གླིང་ཚགས་པར་》ཐོག་གསར་འགྱུར་བཀོད་པ་ལྟར་ན། འཇར་མན་གྱི་བྱིས་པའི་སློབ་གསོ་ཞིབ་འཇུག་ཁང་གི་མཁས་དབང་ཁྭ་སི་ཐིན་གྱིས། བྱིས་པའི་སེམས་ཁམས་ནི་ཤོག་བུ་དཀར་པོ་ཞིག་དང་འདྲ་བས་གང་འདོད་དུ་ཚོན་བྱུགས་པའི་ལྟ་ཚུལ་ནི་ནོར་འཁྲུལ་ཞིག་རེད། ཐབས་དེས་བྱིས་པ་སློབ་སྦྱོང་བྱེད་པའི་འདུན་པ་ཤོར་དུ་འཇུག་པ་དང་ཕྱིན་ཆད་བྱ་དངོས་གསར་པར་ངོས་འཛིན་པའི་ནུས་པར་ཤུགས་རྐྱེན་ཐེབས་ངེས་ཞེས་བསྟན་པ་དང་། ཁྭ་སི་ཐིན་གྱིས་ད་དུང་བཤད་པར། བྱིས་པའི་དུས་ཀྱི་ཀླད་པ་ནི་འཚར་ལོངས་ཀྱི་དུས་སྐབས་གཙོ་བོ་ཞིག་ཡིན་ཕྱིན། དུས་རིམ་འདིའི་ནང་བྱིས་པའི་སློབ་སྦྱོང་གི་སྤྲོ་བ་བསྐྱེད་པའི་ཁོར་ཡུག་གཅིག་མཁོ་སྤྲོད་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞེས་གསུངས་ཡོད། དེས་ན་ཁོ་བོའི་བསམ་ཚུལ་དུའང་ཁོར་ཡུག་གིས་མིའི་སེམས་ཁམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སློབ་མ་དང་འདྲ་མཉམ་གྱི་ལྟ་བ་འཛིན་པ་དང་། ཉེ་དགའ་ཕྱོགས་ཞེན་མི་བྱེད་པ། ངང་རྒྱུད་རིང་པོས་འཆད་ཁྲིད་བྱེད་པ། བར་མེད་དུ་སྐུལ་མ་གཏོང་བ་བཅས་བྱས་ནས་སློབ་མས་སློབ་སྦྱོང་བྱེད་པའི་སྤྲོ་སྣང་འཕེལ་བ་བྱ་རྒྱུ་ནི་ཤེས་བྱ་ཁོང་དུ་ཆུད་པའི་གལ་ཆེའི་ཐབས་ལམ་དང་པོ་དེ་ཡིན་སྙམ།

    གལ་ཏེ་དེ་ལས་ལྡོག་ཏེ་སྲོལ་རྒྱུན་བཞིན་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་བརྒྱ་ཁ་གཅིག་གཅོད་དང་དབང་དང་ཟིལ་ཤུགས་ལ་བརྟེན་ནས་འཆད་ཁྲིད་བྱས་ན་སློབ་མ་རྣམས་འདར་སིག་སིག་གིས་སློབ་ཁྲིད་ཉན་པའི་སྣང་ཚུལ་ཐོན་སྲིད་པས་དེ་ནི་སློབ་མའི་སེམས་ཁམས་དང་མི་མཐུན་པ་ཞིག་དང་དགེ་མཚན་ཡང་མི་ལྡན་པ་ཞིག་ཡིན་པ་དེས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་རྒྱུ་ལྟ་ཞོག་སློབ་སྦྱོང་གི་བཀག་རྡོ་ཞིག་དུ་འགྱུར་ངེས།

    གཉིས་པ། སློབ་ཕྱིའི་ཤེས་བྱ་དང་འབྲེལ་བ་དམ་ཟབ་བྱེད་དགོས་པ།

    དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སློབ་ཚན་ཁོ་ནའི་ཤེས་བྱ་འཆད་ཁྲིད་བྱེད་རྒྱུར་གཡེངས་ན། སློབ་མར་ཉོབ་མདངས་སླེབས་པ་དང་སློབ་ཚན་ལ་བྲོ་བ་ཅི་ཡང་མེད་པའི་ཚོར་སྣང་འབྱུང་སྲིད་པར་བརྟེན། སློབ་ཚན་ཕྱིའི་ཤེས་བྱ་དང་དཔེ་དང་མཚར་གཏམ་སོགས་གང་མང་སྤྱད་ནས་འཆད་ཁྲིད་བྱས་ན་གཅིག་ནས་སློབ་མའི་ཤེས་རྒྱ་ཆེ་རུ་གཏོང་ནུས་པ་དང་། གཉིས་ནས་ལོ་ཆུང་གཞོན་ནུའི་མཚར་སྣང་ལྡན་པའི་བསམ་བློར་སྤྲོ་སྣང་སྐྱེས་ནས་ཡོན་ཏན་སྦྱོང་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་སྲིད། ལྷག་པར་དུ་སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་དང་བསྟུན་ནས་ཁོ་ཚོས་དགའ་སྣང་བྱེད་པའི་བྱ་དངོས་སྤྱད་ནས་དཔེ་བརྗོད་པ་དང་བསྡུར་བ་བྱེད་པ་སོགས་བྱས་ན་སློབ་ཁྲིད་ཀྱི་ཕན་འབྲས་མཐོར་འདེགས་ཡོང་བ་བསྙོན་དུ་མེད། དེ་ཡང་རང་རྒྱལ་གྱི་སློབ་གསོ་བ་ཏུའུ་ཝེ་ཡིས། སློབ་གསོ་ཞེས་པ་ངེས་པར་དུ་བྱིས་པའི་སེམས་ཁམས་ཀྱི་དགའ་སྣང་དང་ནུས་པ། གོམས་གཤིས་བཅས་ནས་འགོ་འཛུགས་དགོས་པ་དང་ཕྱོགས་དེ་དག་ཐད་བསམ་གཞིག་དང་ཤེས་རྟོགས་གང་མང་བྱ་དགོས་ཞེས་གསུངས་ཡོད་པའང་གནས་ལུགས་དེ་བསྟན་པ་ཡིན།

    གསུམ་པ། སྦྱོང་ཚན་ནང་སྐུལ་ལྕག་གི་དཔྱད་མཆན་འགོད་དགོས་པ།

    དགེ་རྒན་གྱིས་སྦྱོང་ཚན་བཟོ་བཅོས་བྱེད་སྐབས་སྐུལ་ལྕག་གི་ནུས་པ་ལྡན་པའི་དཔྱད་མཆན་ཚིག་དུམ་འགའ་བཀོད་ན་སློབ་མར་སྦྱངས་འབྲས་ཐོབ་པའི་དགའ་སྣང་བྱུང་ནས། སློབ་ལ་འཇུག་པའི་སྤྲོ་སྣང་འཕེལ་ཐུབ་ལ། སྐད་ཆ་དུམ་བུ་རེ་འགའ་ལས་མེད་ཀྱང་དེས་སློབ་མའི་སེམས་ཁམས་ལ་འགྱུར་བ་ཆེན་པོ་འབྱུང་ནུས་པས་བྱ་ཐབས་དེ་ནི་ངལ་ནུས་ཆུང་ངུས་དོན་ཆེན་བསྒྲུབ་པ་ཞིག་ཅི་ལ་མིན། སྦྱོང་ཚན་ལྟ་བཅོས་བྱེད་པའི་བརྒྱུད་རིམ་ནང་དུའང་གོང་སྨོས་བཞིན་སློབ་མའི་བསམ་གཞིག་གི་འབྲས་བུར་ངེས་པར་དུ་བརྩི་བཀུར་བྱ་དགོས་པ་སྟེ། ཨ་རིའི་སློབ་གསོ་བ་ཨའེ་མོ་ཧྲེང་གིས། སློབ་གསོ་གཏོང་ཐབས་ཀྱི་མན་ངག་བཟང་ཤོས་ནི་སློབ་མར་བརྩི་བཀུར་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད། དེས་ན་ང་ཚོས་སྦྱོང་ཚན་ལྟ་བཅོས་ནང་དཔྱད་མཆན་འགོད་སྐབས། སྔོན་ལ་སློབ་མའི་ལེགས་ཆར་གདེང་འཇོག་བྱ་དགོས་པ་དང་དེ་ནས་གདེང་འཇོག་གི་ཁྲོད་དུ་སློབ་མའི་སྦྱོང་ཚན་ནང་གི་ནོར་འཁྲུལ་ཡོ་བསྲང་བྱ་དགོས་པའི་བརྩེ་སེམས་ལྷོག་པོར་མཚོན་པའི་སྐད་ཆ་བེད་སྤྱད་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་རྒྱུར་ཕན་པ་མི་དམན་པ་ཐོབ་ཐུབ། ལྷག་པར་དུ། སྦྱངས་འབྲས་ཅུང་ཞན་པའི་སློབ་མའི་རྦུང་ཚན་ནང་ཡར་རྒྱས་ཅུང་ཟད་ལའང་གདེང་འཇོག་དང་ཁས་ལེན་བྱས་ན་སློབ་མའི་བརྩོན་སེམས་ལ་སྐུལ་སྤེལ་ཐེབས་ནས་སློབ་སྦྱོང་བྱེད་པའི་སྤྲོ་སྣང་སྦྱིན་ཐུབ། འོན་ཀྱང་དེ་ལས་ལྡོག་སྟེ་སྐྱོན་ཁོ་ན་བརྗོད་པ་ལས་དགེ་དང་སྐུལ་མ་བྱེད་པར་སེར་སྣ་ཆེ་དྲགས་ན་སློབ་མའི་བརྩོན་སེམས་ལ་རྡུང་རྡེག་ཕོག་ནས་ཕན་འབྲས་གང་ཡང་མི་ཡོང་བའི་ཁར་སློབ་སྦྱོང་བྱེད་པའི་ནང་སེམས་པའི་སྒུལ་ཤུགས་ཀྱང་ཟད་པར་གྱུར་ངེས་སོ།

    བཞི་པ། དགེ་རྒན་གྱིས་རང་ཉིད་ཀྱི་རྣམ་འགྱུར་ལ་ཡིད་གཟབ་བྱེད་དགོས་པ།

    དགེ་རྒན་ནི་སློབ་མའི་མིག་དཔེ་ཞིག་ཡིན་པས་དགེ་རྒན་གྱི་རྣམ་འགྱུར་དང་སྟངས་སྟབས་ཀྱིས་སློབ་མར་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། སློབ་ཁྲིད་བྱེད་སྐབས་དགེ་རྒན་ལ་སྙིང་སྟོབས་མེད་པ་དང་། ཉོབ་མདངས་ཆེ་བ། སེམས་ཤུགས་དང་བྲལ་ན་སློབ་མར་ཡང་སློབ་ཚན་ཉན་པའི་སྤྲོ་སྣང་མེད་པར་འགྱུར་ངེས། དེས་ན་དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་གྱིས་རང་གི་རྣམ་འགྱུར་ལ་ཡིད་གཟབ་ཆེན་པོ་བྱས་ནས་སེམས་ཤུགས་ཆེར་བསྐྱེད་ཀྱིས་སློབ་ཁྲིད་བྱས་ན། སློབ་མར་ཡང་རང་བཞིན་དུ་ཤུགས་རྐྱེན་ཐེབས་ནས་སློབ་ཁྲིད་ཀྱི་ཕན་འབྲས་ཆེན་པོ་ཐོན་ངེས་ཡིན། དེ་ལས་རྟོགས་ཐུབ་པ་ནི་དགེ་རྒན་གྱི་སེམས་ཤུགས་ནི་སློབ་མའི་སེམས་ཤུགས་སུ་འགྱུར་ནུས་པ་དང་དགེ་རྒན་གྱི་སྙིང་སྟོབས་ཀྱང་སློབ་མའི་སྙིང་སྟོབས་སུ་འགྱུར་ནུས་པས། དགེ་རྒན་གྱིས་འགན་སེམས་ཆེན་པོ་ཅངས་ནས་ཡིད་སེམས་གཅིག་སྡུད་ཀྱིས་སློབ་ཁྲིད་ལ་གཞོལ་བ་དེ་ཡང་སློབ་མས་འབད་པ་ལྷུར་ལེན་གྱིས་སློབ་སྦྱོང་བྱེད་པའི་སྒུལ་ཤུགས་སུ་འགྱུར་ནུས་པའོ།

    ལྔ་པ། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་དགོས་པ།

    སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནི་དགེ་རྒན་གྱི་འཆད་ཁྲིད་ཁོ་ན་མ་ཡིན་པར་དགེ་རྒན་གྱི་ཁྲིད་སྟོན་འོག་སློབ་མས་གནད་དོན་ལ་དབྱེ་ཞིབ་དང་། ཐག་གཅོད། བཀོལ་སྤྱོད་བཅས་ཀྱི་ནུས་པ་མཐོར་འདེགས་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ལྷག་པར་དུ། སྐད་ཡིག་སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་ཚོགས་ཆུང་གྲོས་བསྡུར་དང་། ཀློག་འདོན། སྒྲུང་ཤོད་པ། ལྟ་བ་རྩོད་གླེང་སོགས་ཀྱི་བྱེད་སྒོ་གང་མང་སྤེལ་ན་སློབ་མའི་འཆད་པའི་ནུས་པ་གོང་མཐོར་གཏོང་ཐུབ་པའི་ཁར་སློབ་མས་སྐད་ཡིག་སྦྱོང་བའི་སྤྲོ་སྣང་ཡང་འཕེལ་རྒྱུར་ཕན་ནུས་ཆེན་པོ་ཐོན་ངེས། གལ་ཏེ་སློབ་མས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་བརྒྱུད་ནས་རང་འགུལ་གྱིས་སྐད་ཡིག་བཀོལ་སྤྱོད་བྱེད་པའི་གོམས་གཤིས་འཇགས་ན་སྐད་ཡིག་སྦྱོང་བའི་སྤྲོ་སྣང་རང་ཤུགས་སུ་འཕེལ་ངེས།

    མདོར་ན། ཨའེ་དབྱིན་སི་ཐིན་གྱིས། དགའ་སྣང་ནི་སློབ་དཔོན་དང་མཚུངས་ཞེས་གསུངས་པ་ལྟར་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐུབ་ན་སློབ་སྦྱོང་གི་སྦྱངས་འབྲས་གོང་མཐོར་གཏོང་ཐུབ་པ་དང་ཕན་འབྲས་ལེགས་པོ་ཐོན་ནུས་པས། དགེ་རྒན་གྱིས་སློབ་མའི་སེམས་ཁམས་ལ་དབྱེ་ཞིབ་དང་། སྣང་འཇོག་བྱེད་དགོས་པ་གང་ཞིག་སློབ་མའི་སེམས་ཁམས་དང་བསྟུན་ནས་སློབ་ཕྱིའི་ཤེས་བྱ་ཁ་གསབ་དང་བྱེད་སྒོ་འཆར་འགོད་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་སྙམ་མོ།

    (སྣ་དཀར་རྩེ་རྫོང་སློབ་འབྲིང་གི་ཉི་མ་ཚེ་རིང)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།