འཛིན་གྲྭའི་ཀྲུའུ་རེན་ནི་སློབ་གྲྭ་དང་ཁྱིམ་བདག་དབར་གྱི་ཟམ་པ་ལྟ་བུ་ཞིག་ཡིན། སློབ་ཕྲུག་གི་བསམ་བློ་ཀུན་སྤྱོད་དང་ཤེས་བྱ་ཡོན་ཏན་གྱི་བྱང་ཚད་མཐོ་རུ་གཏོང་སྐབས་འཛིན་གྲྭའི་ཀྲུའུ་རེན་གྱིས་ངང་རྒྱུད་རིང་པོའི་སློབ་གསོ་སློབ་ཁྲིད་དང་། རོགས་རམ། དེ་བཞིན་སློབ་མའི་ཕྱོགས་ཡོངས་ལ་དོ་དམ་དང་ལྟ་སྐུལ་བྱེད་རྒྱུ་ནི་མེད་དུ་མི་རུང་བའི་འཛིན་གྲྭའི་ཀྲུའུ་རེན་གྱི་ཆ་རྐྱེན་དང་འཇོན་ཐང་ཞིག་ཡིན།
དང་པོ། ཀྲུའུ་རེན་རང་ངོས་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ།
བྱང་ཚད་ལྡན་པའི་སློབ་མ་གསོ་སྐྱོང་བྱེད་པར་ངེས་པར་དུ་བྱང་ཚད་མཐོ་བའི་འཛིན་གྲྭའི་ཀྲུའུ་རེན་ཞིག་དགོས་པས། དེར་བརྟེན་འཛིན་གྲྭའི་ཀྲུའུ་རེན་ཞིག་གི་ངོས་ནས་བརྗོད་ན་འཛིན་གྲྭ་ཡོངས་ལ་ཕན་འབྲས་ལེགས་པོ་ཞིག་ཐོན་པ་བྱེད་པར་དང་ཐོག་ཀྲུའུ་རེན་རང་ངོས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་བྱང་ཚད་གོང་མཐོར་བཏང་ནས་རང་ཉིད་སྤྱོད་ཡོན་གཉིས་ལྡན་གྱི་ཀྲུའུ་རེན་བཟང་པོ་ཞིག་བྱ་རྒྱུ་ནི་གནད་དམ་པ་ཞིག་ཡིན། དེ་ཡང་འཛིན་གྲྭའི་ཀྲུའུ་རེན་ཞིག་གི་ངོས་ནས་རང་གི་ལས་གནས་ལ་དགའ་ཞེན་དང་སློབ་མ་བྱམས་ཀྱིས་སྐྱོང་བའི་སེམས་པ་ལྡན་དགོས། དགའ་ཞེན་དང་བྱམས་སྐྱོང་ལས་རྫོགས་མཐའ་མེད་པའི་ཡར་ཐོན་གྱི་སྙིང་སྟོབས་ཐོན་སྲིད་པས་གཟི་བརྗིད་ལྡན་པའི་ཀྲུའུ་རེན་གྱི་ལས་གནས་དེ་རང་ཉིད་ཀྱི་མི་ཚེའི་འབད་བརྩོན་བྱ་ཡུལ་གྱི་བྱ་གཞག་རླབས་ཆེན་ཞིག་ཏུ་བརྩིས་ནས་ཡང་དག་པའི་ཤེས་ལྡན་མི་སྣའི་ལྟ་བ་ཞིག་བཟུང་དགོས་ལ་ཀྲུའུ་རེན་རང་ངོས་ཀྱིས་བསམ་པའི་བརྩེ་དུང་ཐད་རང་ཉིད་ཀྱིས་འཁུར་དགོས་པའི་འགན་འཁྲི་གང་ཡིན་པ་དེར་ལྷག་བསམ་རྣམ་དག་གིས་དགའ་ཞེན་དང་འགན་འཁུར་བ་ཕུད། ད་དུང་བྱིས་པའི་སློབ་གསོ་རིག་པ་དང་སེམས་ཁམས་རིག་པ་སོགས་ཀྱི་ཤེས་བྱ་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིག་གནས་དང་། ཀུན་སྤྱོད་གང་ཅིའི་ཐད་ནས་དགེ་རྒན་གཞན་ལས་ཁྱད་དུ་འཕགས་པ་ཞིག་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེའོ།
གཉིས་པ། མཉམ་སྡེབ་ལ་དགའ་ཞེན་བྱ་རྒྱུའི་སློབ་གསོ་གཏོང་དགོས་པ།
མཉམ་སྡེབ་ལ་དགའ་ཞེན་ཆེ་བའི་བསམ་བློའི་འདུ་ཤེས་འཛུགས་རྒྱུ་ནི་ཕྱོགས་གང་ཅིའི་ཐད་ནས་མཚོན་ཐུབ་པ་དཔེར་ན། སློབ་ཚན་འཚོགས་ལ་ཉེ་ཁར་སློབ་ཁང་ནང་གཙང་སྦྲ་བྱེད་མཁན་མ་བྱུང་ཚེ་ཆུང་ས་ནས་བརྗོད་ན་སློང་ཁང་ནང་སློབ་སྦྱོང་བྱེད་པའི་སྤྲོ་སེམས་མེད་པ་དང་དགེ་རྒན་དང་སློབ་མའི་ལུས་ཁམས་དང་སེམས་ཁམས་བདེ་ཐང་ལ་གནོད་པ་དང་ཆེ་ས་ནས་བརྗོད་ན་རང་གི་སྡོད་གནས་ལ་གཙང་སྦྲ་བྱེད་མི་འདོད་པའི་མི་ཞིག་གིས་ཕྱིས་སུ་མི་དམངས་ལ་ཞབས་འདེགས་ཞུ་ཟེར་བ་དེ་སྐད་ཆ་སྟོང་པ་ཡིན་པའི་གནས་ལུགས་ཀྱི་ཐོག་ནས་སློབ་མར་སློབ་གྲྭ་དེ་ཁྱིམ་ཚང་ལྟ་བུ་དང་། སྒྲོག་ཙེ་དང་རྐུབ་བཀྱག་སོགས་སྒྲིག་ཆས་ཡོད་དོ་ཅོག་རང་ཉིད་ཀྱི་ཡིན་པ་ལྟ་བུའི་ངེས་ཤེས་ལ་བརྟེན་ནས་བདག་གཅེས་ཡག་པོ་བྱ་རྒྱུར་འཛིན་གྲྭའི་ཀྲུའུ་རེན་གྱིས་འགན་འཁུར་ནས་སློབ་གསོ་གཏོང་དགོས། དེ་བཞིན་དུ་འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་མ་ཚོར་སློང་གྲྭ་ཁོ་ན་མིན་པར་སྤྱི་ཚོགས་ཧྲིལ་པོའི་སྤྱི་རྫས་ལའང་བདག་གཅེས་དང་སྲུང་སྐྱོང་བྱ་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཏེ་འཛིན་གྲྭའི་ཀྲུའུ་རེན་རང་ཉིད་ཁྱིམ་ཚང་གི་ཕ་ཞིག་ཡིན་པ་ལྟ་བུའི་འགན་འཁུར་གྱི་བསམ་བློ་ལྡན་དགོས།
གསུམ་པ། འཛིན་གྲྭའི་ཀྲུའུ་རེན་གྱིས་གནད་དོན་ཐག་གཅོད་བྱེད་སྐབས་དྲང་བདེན་བྱ་རྒྱུར་ཡིད་གཟབ་བྱེད་དགོས་པ།
འཛིན་གྲྭའི་ཀྲུའུ་རེན་གྱིས་དྲང་པོ་དྲང་བཞག་དང་བདེན་པ་བདེན་ཐུབ་བྱ་རྒྱུ་ནི་ལས་ཀའི་གཙོ་གནད་ཅིག་ཡོན། ལྷག་པར་དུ་སློབ་མ་ཞན་གྲས་རྣམས་ལ་སྐྱོན་འཛུགས་དང་ཉེས་ཆད་ཁོ་ན་བཏང་ཚེ་ཁོང་ཚོའི་ཞན་ཆ་ཕྱི་ཚུལ་ནས་སྔོན་འགོག་ཐུབ་ཀྱང་ནང་བསམ་པའི་ཞན་ཆ་སྔོན་འགོག་ཐུབ་མེད། དེར་བརྟེན་དྲང་བདེན་ལུགས་མཐུན་གྱི་སྒོ་ནས་སློབ་ཕྲུག་ལ་ནོར་འཁྲུལ་ཡོད་ཚེ་གཤེ་གཤེ་དང་ཉེས་རྡུང་མ་བཏང་བར་ངང་རྒྱུད་རིང་པོའི་སྒོ་ནས་སློབ་གསོ་བརྒྱབ་སྟེ་རང་སྐྱོན་རང་གིས་ངོས་འཛིན་ཐུབ་པ་བྱ་དགོས་ཤིང་། དེ་ལྟར་བྱུང་ཚེ་གཞི་ནས་ཡར་རྒྱས་འགྲོ་རྒྱུར་ཕན་པ་ཐོན་ཐུབ་ལ། སློབ་མར་ཉེ་རིང་མེད་པར་དྲང་པོ་དྲང་བཞག་བྱས་ཚེ་དགའ་མགུ་ཡི་རངས་ཐོབ་རྒྱུ་མ་ཟད་འཛིན་གྲྭའི་ནང་དང་། སློབ་གྲྭའི་དགེ་རྒན་སྤྱིའི་ཁྲོད་དུ་འཛིན་གྲྭའི་ཀྲུའུ་རེན་གྱི་ངོ་གནོང་མི་དགོས་པའི་གཟུགས་བརྙན་བཟང་པོ་ཞིག་གཏོད་ཐུབ།
བཞི་པ། སློབ་མའི་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་ཡིད་གཟབ་བྱེད་དགོས་པ།
འཛིན་གྲྭ་ཡོངས་ཀྱི་སློབ་མའི་གནས་ཚུལ་ཤེས་དགོས་ན་སློབ་ཕྲུག་གི་ཉལ་ཁང་དང་། ཟ་ཁང་། ལུས་རྩལ་ཐང་། ཁྱིམ་ཚང་སོགས་ལ་སུན་སྣང་མེད་པར་མང་ཙམ་བསྐྱོད་དགོས། སློམ་མ་སོ་སོའི་ཁྱད་ཆོས་ཤེས་རྟོགས་དང་སློབ་མ་དང་འབྲེལ་འདྲེས་མང་ཙམ་བྱུང་ཚེ་གནད་ལ་འཕིགས་པའི་སྒོ་ནས་སློབ་མར་སློབ་གསོ་གཏོང་ཐུབ་ལ་འཛིན་གྲྭའི་ལས་ཀའི་བྱེད་ཕྱོགས་ཐད་འབྲས་བུ་བཟང་པོ་ཐོན་ཐུབ། གལ་སྲིད་སློབ་མར་ཤེས་རྟོགས་དང་། སློབ་མའི་རང་གཤིས་དང་། སྤྱོད་ཚུལ་སོགས་ཕྱོགས་ཡོངས་ནས་ཤེས་རྟོགས་ཡང་དག་མ་བྱས་ཚེ་ཡང་དག་པའི་སྒོ་ནས་སློབ་མ་གཅུན་འདོམས་བྱ་རྒྱུ་དེ་སྟོང་བསམ་ཙམ་དུ་འགྱུར་རྒྱུ་ལས་མ་འདས་པས། དེ་དོན་ཚད་ལྡན་ཀྲུའུ་རེན་ཞིག་བྱེད་པར་རང་གིས་རང་ལ་ཚད་ལྡན་དུ་འགྱུར་མིན་ལ་ཚད་འཇལ་ནན་པོ་བྱ་དགོས།
ལྔ་པ། རང་དཔེ་གཞན་སྟོན་གྱི་འཛིན་གྲྭའི་ཀྲུའུ་རེན་ཞིག་བྱེད་དགོས་པ།
འཛིན་གྲྭའི་ཀྲུའུ་རེན་ནི་སློབ་མར་མིག་དཔེ་སྟོན་མཁན་ཞིག་ཡིན་པས་ཐོག་མར་རང་ཉིད་ལ་ལེགས་པའི་དགེ་མཚན་ཁག་ཚང་དགོས། སློབ་མས་བྱས་མི་ཆོག་པ་དག་དང་ཐོག་རང་ཉིད་ཀྱིས་སྤོང་དགོས་པ་དང་སློབ་མར་ལག་ལེན་བྱེད་དགོས་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས། དེ་བཞིན་སློབ་གསོ་སློབ་ཁྲིད་ལས་དོན་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་མའི་ཁྲོད་དུ་ངག་འཇམ་ལས་འུད་གཏམ་ཤོད་མི་རུང་ལ་ཁས་ལེན་བྱས་པའི་ལས་འགན་ཚང་མ་དུས་ཐོག་ཏུ་སྒྲུབ་དགོས་པ་སོགས་གནས་ཚུལ་ཆུང་ཙག་ལ་ཡང་དོ་སྣང་བྱས་ནས་སློབ་མ་རྣམས་ལ་སྤྱོད་གཙང་དར་སྤེལ་ཡོང་རྒྱུར་ཕན་པ་བསྐྲུན་དགོས། གསལ་པོར་བཤད་ན། རང་དཔེ་གཞན་སྟོན་ཞེས་པའི་བྱ་བ་དངོས་ཀྱི་ཐོག་ནས་རང་ཉིད་སྐྱེ་བོ་གང་འདྲ་ཞིག་ཡིན་པ་ར་སྤྲོད་པ་ཞིག་ཡིན་པས་འཛིན་གྲྭའི་ཀྲུའུ་རེན་གྱིས་ཀུན་སྤྱོད་ཚད་ལྡན་དང་། བསམ་བློ་ཡར་ཐོན་གྱི་སྐྱེ་བོའི་གཟུགས་བརྙན་ཞིག་སྟོན་དགོས་པ་དེ་ཡིན།
དྲུག་པ། སློབ་ཕྲུག་གི་བྱང་ཚད་དང་བསྟུན་ནས་སློབ་ཁྲིད་བྱེད་རྒྱུར་ཡིད་གཟབ་བྱེད་དགོས་པ།
འཛིན་གྲྭའི་ཀྲུའུ་རེན་ཚང་མས་སློབ་ཁྲིད་བྱེད་སྐབས་སློབ་ཕྲུག་གི་ཤེས་ཚད་དང་བསྟུན་ཏེ་སློབ་དེབ་ཀྱི་དཀའ་གནད་དང་གཙོ་གནད་དབྱེ་འབྱེད་ཁ་གསལ་བྱེད་པའི་སློབ་ཁྲིད་ཀྱི་ཐབས་ཤེས་སྤྱོད་དགོས་པ་དང་གཞན་ཡང་སྦྱངས་འབྲས་ཞན་པའི་སློབ་མར་མཐོང་ཆུང་མ་བྱས་པར་འདྲ་མཉམ་ཐོག་སློབ་སྦྱོང་གི་ཉམས་མྱོང་སྤེལ་རེས་བྱས་ནས་ཁོང་ཚོར་ལེགས་ཆ་ཅུང་ཟད་ཡོད་པར་བསྟོད་བསྔགས་དང་སྤྲོ་བ་འཕེལ་གང་ཐུབ་བྱས་ཏེ་སློབ་སྦྱོང་ཡར་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ནས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་ཆགས་ཐུབ་རྒྱུར་མཐུན་རྐྱེན་བསྐྲུན་དགོས་ཀྱི་ཡོད།
མདོར་ན། འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ལེགས་སྒྲུབ་བྱེད་པའི་ཁྲོད་ཕྱོགས་ཡོངས་འཕེལ་རྒྱས་གཏོང་ཕྱིར་སློབ་གསོར་དོ་དམ་ནན་པོ་བྱས་ནས་སློབ་གྲྭ་དང་འཛིན་གྲྭའི་ནང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་མང་དག་སྤེལ་རྒྱུར་ཡང་སྐུལ་སློང་བྱས་ཏེ་སློབ་ཕྲུག་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་དང་། སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོའི་ཁྲོད་དུ་འཛིན་གྲྭའི་ཀྲུའུ་རེན་གྱིས་གསེར་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས།
(རིན་སྤུངས་རྫོང་བྱེ་བ་ཤང་ལྟེ་བའི་སློབ་ཆུང་གི་བསོད་སྒྲོན)