དགེ་རྒན་ལགས། ཁྱེད་ཀྱི་གངས་རིའི་རང་མདངས་ལ་འགྲན་པའི་ཐུགས་གཤིས་བཟང་པོས་གང་ཡང་མི་ཤེས་པའི་རི་གྲོང་གི་བྱིས་པ་སྣབ་ལུད་ཅན་ཚོ་སློབ་གྲྭའི་པད་ཚལ་དུ་ཤེས་རིག་གི་ཆུ་སྐྱེས་བཞད་དུ་འཇུག་ཅིང་། བྱམས་བརྩེའི་འོད་ཟེར་གྱིས་ཚེ་སྲོག་ལ་ལང་ཚོའི་མྱུ་གུ་གསར་དུ་འབུས་སུ་འཇུག
དགེ་རྒན་ལགས། མེ་ལྟར་ཚ་བའི་དབྱར་དུས་སུ། ཁྱེད་ཀྱིས་དུག་སྦྲང་དང་སྦྲང་ནག་གི་བརྙས་གཙེས་དང་། གྲང་རླུང་ངར་མའི་འཇབ་རྒོལ་རྒོད་པའི་རྔམ་སྟུག་པའི་དགུན་དུས་ཀྱི་མཚན་མོ་རེ་རེར། བུ་སློབ་ཚོའི་ཆེད་དུ་གློག་སྒྲོན་འོག་ཏུ་ཅི་ཞིག་ལ་འབད་པ་ཁོ་བོའི་དྲན་པའི་ངོས་སུ་ད་ལྟ་ཡང་རྡོ་བརྐོས་རི་མོ་ཇི་བཞིན་གསལ་ལེར་གནས།
དགེ་རྒན་ལགས། ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་ཁམས་འདིར་ཁྱེད་ཉིད་ཀྱི་བཀའ་དྲིན་ནི་དབང་ཕྱོགས་ལྷུན་པོའི་གཏོས་ལས་ཆེ་ཞིང་། ཕ་མཐའ་ཡས་པའི་ཆུ་གཏེར་གྱི་འཇིངས་ལས་ཟབ་པས། གནམ་འོག་འདིར་སུ་ཞིག་གིས་ཁྱེད་ཀྱི་མཛད་རྗེས་ལ་འགྲན་ནུས་སམ།
དགེ་རྒན་ལགས། ཁྱེད་ཀྱིས་གཟིགས་དང་། སྤྱི་ཚོགས་ལས་རིགས་ཁག་གི་རྐང་འཛིན་གྱི་མི་སྣ་དག་ནི་ཉིད་ཀྱི་བཀའ་དྲིན་གྱིས་ཆུ་ལུད་དྲོད་ཀྱིས་བསྐྱངས་པའི་ལྡུམ་རའི་ནང་གི་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཉག་ཅིག་ཡིན། ཁོ་ཚོའི་མེ་ལྟར་དམར་བའི་རང་མདངས། བོད་གསར་འཛུགས་སྐྲུན་གྱི་རླབས་ཆེའི་བྱ་གཞག་ཐོག་ས་ཕྱོགས་གང་སར་འཚེར་བཞིན་མཆིས།
དགེ་རྒན་ལགས། ཁྱེད་ཀྱིས་གསན་ཨེ་བྱུང་། གནམ་འོག་འདིར་དབྱངས་ཅན་ངག་གི་འགྱུར་ཁུག་ལ་འཁུ་བའི་གཞས་པ་གཞས་མ་རྣམས་ཀྱིས་ཁྱེད་ཀྱི་མཛད་རྗེས་ལ་དུས་རྟག་ཏུ་སྙན་མོ་གླུ་ཡི་ལམ་ནས་བསྟོད་གླུ་འབུལ་བཞིན་འདུག
དགེ་རྒན་ལགས། ཁྱེད་ཀྱིས་གཟིགས་ཨེ་བྱུང་། སྡེབ་ལེགས་ཚིག་གི་སྦྱོར་བར་མཁས་པའི་སྙན་ངག་པའི་སོར་རྩེ་ལས་ཁྱེད་ཀྱི་སྐུ་ལུས་ལ་དོན་རྒྱན་སོ་ལྔའི་རིན་ཆེན་སྣ་ལྔའི་མཛེས་རྒྱན་སྤྲོས་བཞིན་འདུག་པས། ཁྱེད་ཀྱི་ལང་ཚོར་མཛེས་སྡུག་གི་རིན་ཐང་འཕར་མ་ཞིག་བསྣན་སོང་།
དགེ་རྒན་ལགས། ཁྱེད་ཀྱིས་ཤེས་ཨེ་བྱུང་། ང་རང་ཡང་ཁྱེད་ཀྱི་བྱམས་བརྩེའི་བཀའ་དྲིན་གྱི་པང་ཁ་ནས་གཤོག་རྩལ་རྒྱས་པའི་རྒོད་ཕྲུག་ཅིག་ཡིན་པས། ངས་ཁྱེད་ཀྱིས་གནང་བའི་ཤེས་རིག་གི་བདུད་རྩིའི་བུམ་པ་འཁྱེར་ཏེ་ལྷ་ལམ་ཡངས་པོར་རྩལ་གྱི་གཤོག་འགྱུར་ཅི་དགར་ངོམས་ཤིང་། ཤེས་རིག་གི་རྨོངས་པའི་ནད་ཅན་ཚོར་བདུད་རྩི་གང་འདོད་དུ་ལོངས་སུ་སྤྱོད་དུ་འཇུག་བཞིན་ཡོད།
དགེ་རྒན་ལགས། གནམ་འོག་འདིར་སྐྱེ་བོ་བགྲང་ལས་འདས་པ་ཞིག་གིས་ཁྱེད་ཀྱི་མཛད་རྗེས་ལ་བསྟོད་གླུ་འབུལ་བཞིན་ཡོད་པས། ཁོ་བོས་ཀྱང་ཚེ་ཡི་འདུ་བྱེད་མ་སྟོངས་བར་དུ། ཁྱེད་ཀྱི་གཞན་ཕན་ལྷག་བསམ་དཀར་བའི་གཤིས་རྒྱུད་དང་། བླ་མེད་ཀྱི་མཛད་རྗེས་དག་ལ་དུས་རྟག་ཏུ་སྙན་ངག་གི་མཆོད་པའི་བསྟོད་སྤྲིན་འབུལ་ངེས་ཡིན།