དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་མའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་རྩོམ་འབྲིའི་ནུས་རྩལ་གསོ་སྐྱོང་བྱ་ཐབས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-26

    རྩོམ་ཡིག་འབྲི་སྦྱོང་བྱ་རྒྱུ་ནི་སློབ་མའི་སྐད་ཡིག་གི་ཕྱོགས་ཡོངས་ཀྱི་ནུས་རྩལ་གོང་མཐོར་གཏོང་རྒྱུའི་ཕྱོགས་བསྡུས་སྦྱོང་བརྡར་གལ་ཆེན་ཞིག་ཡིན་ལ། སློབ་མའི་སྐད་ཡིག་གི་ཤེས་ཚད་ལ་ཚོད་བགམ་བྱེད་པའི་གཞི་འཛིན་ས་ཞིག་ཀྱང་ཡིན། རྒྱུན་དུ་རྩོམ་འབྲིའི་སློབ་ཚན་དང་རྩོམ་ཡིག་འབྲི་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད། སློབ་མ་ཚོས་རྩོམ་འབྲི་ནི་དཀའ་ཚེགས་ཤིན་ཏུ་ཆེ་བའི་ལས་ཀ་ཞིག་ལ་ངོས་འཛིན་བྱེད་པ་དང་ང་ཚོ་དགེ་རྒན་ཚོས་ཀྱང་སློབ་མའི་རྩོམ་ཡིག་འབྲི་སྦྱོང་གི་བྱ་ཐབས་གནད་ལ་འཁེལ་པོ་ཞིག་མ་བྱུང་བས། སློབ་མ་མི་ཉུང་བ་ཞིག་སྨྱུག་ཁ་ཤོག་སྟེང་དུ་བསྐུལ་ཏེ་རྩོམ་ཡིག་འབྲི་འགོ་རྩོམ་སྐབས་ཅི་ཡང་འབྲི་རྒྱུ་མེད་པར་ལུས་པའམ་ཡང་ན་བརྗོད་བྱ་མི་གསལ་ལ། བརྗོད་རིམ་འཁྲུག་པ། ཚིག་སྦྱོར་ལ་ནོར་སྐྱོན་མང་བ་སོགས་ཀྱི་སྣང་ཚུལ་མི་ཉུང་བ་ཞིག་མཆིས་པས། འདིར་རང་ཉིད་ཀྱིས་ལོ་ཤས་རིང་རྩོམ་འབྲིའི་ཤེས་བྱ་སློབ་ཁྲིད་བྱས་པའི་མྱོང་བ་འགའ་ཞིག་སློབ་གསོའི་དཔུང་ཁག་གཅིག་པའི་དགེ་རྒན་རྣམས་ལ་ཕུལ་བར་འདོད་དོ།

    དང་པོ། རྩོམ་འབྲིའི་ཀུན་སློང་གསོ་སྐྱོང་བྱེད་དགོས།

    མི་སུ་ཞིག་ཡིན་ཡང་བྱ་བ་གང་ཞིག་བསྒྲུབ་འདོད་ཀྱི་དམིགས་པ་དང་དགའ་ཞེན་མེད་ན་བྱ་བ་དེ་བསྒྲུབ་ཁུལ་བྱས་ཀྱང་འབྲས་བུ་བཟང་པོ་ཞིག་ཐོབ་མི་ཐུབ། དེར་བརྟེན་སློབ་མའི་རྒྱུད་ལ་རྨང་གཞི་འདིང་བར་ཡང་ཐོག་མར་རྩོམ་འབྲི་འདོད་ཀྱི་དགའ་ཞེན་གསོ་སྐྱོང་བྱ་རྒྱུ་ནས་འགོ་རྩོམ་དགོས། དེ་ཡང་ཨེན་ཀི་སིས“མི་ཆེ་གེ་མོ་ཞིག་ལ་མཚོན་ན། ཁོ་པས་བྱ་སྤྱོད་སྤེལ་བའི་སྒུལ་ཤུགས་ཐ་དག་ནི་བསམ་པར་བརྟེན་དགོས་པ་དང་། དེ་ཁོ་པའི་འདུན་པ་མཚོན་བྱེད་ཀྱི་ཀུན་སློང་ལ་བསྒྱུར་ཐུབ་ཚེ། གཞི་ནས་བྱ་སྤྱོད་སྤེལ་ཐུབ་”ཅེས་གསུངས་པ་དང་མཚུངས། རྩོམ་ལ་ཐོག་མར་འཇུག་པའི་སློབ་ཆུང་སློབ་མ་ཚོའི་ངོས་ནས་གླེང་ན། རྩོམ་གྱི་སྒྲིག་གཞི་དང་ནང་དོན། ཚིག་སྦྱོར་སོགས་ཕྱོགས་གང་སྤྱིའི་ཐད་ནས་དགེ་རྒན་གྱི་བློ་མོས་དང་འཚམ་པ་ཞིག་ཡོང་དཀའ་བས་དེའི་ཐད་ང་ཚོ་དགེ་རྒན་ཚོས་ཀྱང་ཚད་གཞི་དང་རེ་བ་མཐོ་པོ་བཟུང་མི་རུང་བར་ངང་རྒྱུད་རིང་པོའི་སྒོ་ནས་མཛུབ་སྟོན་ཡང་ཡང་བྱས་ཏེ། སློབ་མས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་མཐོང་ཐོས་སུ་གྱུར་པ་དང་རང་གི་མྱོང་བ་རྣམས་ཡིག་ཐོག་ནས་མཚོན་གང་ཐུབ་བྱེད་པར་སྐུལ་མ་གཏོང་དགོས་པའམ། དངོས་སུ་མཐོང་ཐོས་སུ་གྱུར་པའི་བྱ་དངོས་དག་ལ་དབྱེ་ཞིབ་དང་བསམ་གཞིག་གིས་འབྲི་སྦྱོང་མང་ཙམ་བྱེད་དུ་འཇུག་རྒྱུ་དེ་ཡིན།

    འབྲི་སྦྱོང་བྱེད་པའི་ཁྲོད་ལས་དང་པོ་བ་ཚོར་དགེ་རྒན་གྱིས་རྩོམ་འབྲིའི་ཁ་བྱང་དང་འབྲི་བྱའི་ཁྱབ་ཁོངས་མ་བཟོས་པར་སློབ་མ་རང་ཉིད་ཀྱི་ཤེས་ཚད་ལྟར་འབྲི་སླ་བ་ནས་འགོ་འཛུགས་དགོས། དེ་ཡང“ཡི་གེའི་ཡོན་ཏན་འབྲི་བ་ཡིན། འབྲི་བཞིན་འབྲི་བཞིན་ལེགས་སུ་འགྲོ”ཞེས་གསུངས་པ་ལྟར་འབྲི་སྦྱོང་ཐེངས་མང་བྱེད་དུ་འཇུག་དགོས། འབྲི་སྦྱོང་བྱས་པ་བརྒྱུད་སློབ་མ་སོ་སོའི་ཁྱད་ཆོས་དང་འཚམ་པའི་རྩོམ་འབྲིའི་ཐབས་རྩལ་རེ་རྙེད་སྲིད་ལ། དེ་ལྟར་སྔོན་དུ་བྲིས་པའི་ཉམས་མྱོང་ལས་ཕྱིས་ཀྱི་འབྲི་བྱར་ལམ་སྟོན་ཐུབ་ནས་འབྲི་རྩལ་དེ་བས་ལེགས་པར་གྱུར་ནས་ཚད་གཞི་མི་འདྲ་བའི་སྦྱང་རྩོམ་ཁག་གཅིག་འབྱུང་ངེས། དེར་དགེ་རྒན་ནས་རྣག་ཐོག་གཙག་འཁེལ་གྱིས་གདེང་འཇོག་གནང་རྒྱུ་གལ་ཆེ་སྟེ། དཔེར་ན། སློབ་མས་བྲིས་པའི་ཕུལ་བྱུང་གི་རྩོམ་ཡིག་དག་འཛིན་གྲྭའི་ནང་ཀློག་ཏུ་བཅུག་ནས་སློབ་མའི་རྩོམ་རྩལ་གྱི་བློ་སྒོ་འབྱེད་པའམ་ཚགས་པར་དང་དུས་དེབ་སོགས་སུ་འོས་སྦྱོར་ཞུ་དགོས་པ་དང་། རྩོམ་ཡིག་ཞན་པ་ཁ་ཤས་བདམས་ནས་དེར་ལྷག་པའི་སྐྱོན་ཆ་དང་། སྐྱོན་ཆ་དེ་དག་ཇི་ལྟར་སེལ་ཐབས་སོགས་ལ་མཛུབ་སྟོན་བྱས་ན་སློབ་མའི་རྩོམ་རྩལ་འཕེལ་སྲིད་ལ་སློབ་མའི་རྩོམ་ཡིག་འབྲི་འདོད་ཀྱི་ཀུན་སློང་དང་དགའ་ཞེན་ཡང་རིམ་བཞིན་འཕེལ་ཐུབ།

    གཉིས་པ། བྱ་དངོས་ལ་ལྟ་ཞིབ་ཀྱིས་རྩོམ་འབྲིའི་རྒྱུ་ཆ་གསོག་འཇོག་བྱེད་དགོས།

    སློབ་ཆུང་སློབ་མ་མང་པོས་ཚིག་རོའི་ལོ་མས་ཁེངས་ཤིང་དོན་གྱི་འབྲས་བུ་སྟོངས་པའི་རྩོམ་ཡིག་ཐན་ཐུན་ཙམ་ལས་ནང་དོན་ཕུན་སུམ་ཚོགས་པའི་རྩོམ་ཡིག་ཞིག་འབྲི་མི་ཤེས་པའི་རྩ་བའི་རྒྱུ་རྐྱེན་གཙོ་བོ་ནི། ཁོ་ཚོས་དེབ་ཐོག་གི་ཤེས་བྱར་དོ་སྣང་ཆེན་པོས་འབད་བརྩོན་བྱེད་པ་ལས། རྩོམ་རིག་གི་འབྱུང་ཁུངས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ལྟ་ཞིབ་དང་དབྱེ་ཞིབ། བསམ་གཞིག་སོགས་བྱ་རྒྱུར་སྣང་ཆུང་ཤོར་བས་རྩོམ་འབྲིའི་རྒྱུ་ཆ་མེད་པར་གྱུར་པ་ཡིན། “རྩོམ་ཡིག་ནི་སྤྱི་ཚོགས་ཀྱི་འཚོ་བའི་ཚུར་སྣང་ཞིག་དང་། ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་ཚུར་སྣང་ཞིག་ཡིན་པས། སློབ་མའི་རྩོམ་ཡིག་འབྲི་བའི་ཁྲོད་ཀྱི་འབྲི་བྱ་མི་དང་བྱ་བ། མཛེས་ལྗོངས། རང་ངོས་ཀྱི་ལྟ་ཚུལ་བརྗོད་པ་སོགས་ཚང་མ་དོན་དངོས་ཐོག་སྐད་ཡིག་བེད་སྤྱད་ནས་སོ་སོའི་བསམ་བློའི་མཚོན་ཐབས་དང་། སྤྱི་ཚོགས་ཀྱི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་ཀྱི་ཡོད”ན“འཚོ་བ་ནི་རྩོམ་རིག་གི་འབྱུང་ཁུངས་འབའ་ཞིག་ཡིན་པ”སློབ་མར་ངེས་ཤེས་སྐྱེས་སུ་འཇུག་དགོས། སྤྱིར་ན་སློབ་ཆུང་སློབ་མར་འཚོ་བའི་ཉམས་མྱོང་གི་རྨང་གཞི་དེ་ཙམ་མེད་པས་སྤྱི་ཚོགས་ཀྱི་གནད་དོན་ཆེ་རིགས་ལ་ལྟ་ཞིབ་དང་དབྱེ་ཞིབ་ཀྱིས་རྩོམ་ཡིག་འབྲི་རྒྱུ་ནི་བོང་ཕྲུག་ལ་ཁལ་བཀལ་བའི་ངང་ཚུལ་བཞིན་ཧ་ཅང་དཀའ་བའི་གནད་ཅིག་ཡིན། འོན་ཀྱང་སློབ་མ་རང་ཉིད་དང་འབྲེལ་འདྲིས་ཆེ་ཞིང་རྒྱུས་མངའ་ཟབ་པའི་བྱ་དངོས་ལ་ལྟ་ཞིབ་བྱ་རྒྱུ་ནི་དཀའ་བའི་གནད་ཅིག་ག་ལ་ཡིན། དེར་བརྟེན་ང་ཚོས་སློབ་མའི་སློབ་རིམ་ལ་བལྟོས་ནས་སློབ་མར་རྩོམ་འབྲིའི་རྒྱུ་ཆ་འཚོལ་བསྡུ་བྱ་རྒྱུའི་བླང་བྱ་འདོན་དགོས་ལ། ཇི་ལྟར་འཚོལ་བསྡུ་བྱ་རྒྱུའི་ཐད་ལའང་ནན་བཤད་དང་སྦྱོང་བརྡར་བྱེད་དགོས་པ་སྟེ། དཔེར་ན། (1) རང་བྱུང་གི་སྣང་ཚུལ་ལྟ་བུར་མཚོན་ན། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཀྱི་འགྱུར་བ་དང་མཛེས་སྡུག་ལྡན་པའི་རི་ཀླུང་དང་གྲོང་ཁྱེར་གྱི་སྐྱེད་མོས་ཚལ་ལ་ལྟ་ཞིབ་བྱེད་དུ་བཅུག་ནས་རྩོམ་འབྲིའི་རྒྱུ་ཆ་གསོག་འཇོག་བྱེད་པ། (2) སྲོག་ཆགས་དང་རྩི་ཤིང་ཡོ་བྱད་ལྟ་བུར་མཚོན་ན། སྲོག་ཆགས་དེའི་ལུས་ཀྱི་རྣམ་པ་དང་ཁོར་ཡུག་གང་འདྲ་ཞིག་ཏུ་འཚོ་བ། ཟས་ཅི་ཞིག་ཟ་བ། དེའི་འཚོ་བའི་གོམས་གཤིས་ཇི་འདྲ་ཡིན་པར་ལྟ་ཞིབ་བྱེད་པ། རྩི་ཤིང་ལྟ་བུ་གནས་གང་འདྲ་ཞིག་ཏུ་སྐྱེས་ཡོད་པ་དང་དབྱིབས་གཟུགས་གང་འདྲ་ཞིག་ཡིན་པ། དེར་ཁྱད་ཆོས་གང་ཞིག་ལྡན་པར་ལྟ་ཞིབ་བྱེད་དུ་འཇུག་པ། དེ་བཞིན་ཡོ་བྱད་ལ་ལྟ་ཞིབ་བྱེད་སྐབས་དེའི་རྒྱུ་སྤུས་དང་དབྱིབས་གཟུགས། ནུས་པ་གྲུབ་ཚུལ་སོགས་ལ་རྒྱུས་ལོན་བྱེད་པ། (3)མི་ལྟ་བུར་མཚོན་ན། རང་གི་ཉེ་འཁོར་དུ་རྒྱུས་མངའ་ཟབ་ཤོས་ཀྱི་ཕ་མ་དང་དགེ་རྒན་ལྟ་བུར་ལྟ་ཞིབ་བྱས་ནས་ཁོ་ཚོའི་གཟུགས་བྱད་དང་། ཆ་ལུགས། གཤིས་ཀ གཏམ་གླེང་དང་སྤྱོད་ཚུལ་སོགས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་ནས་ལྟ་ཞིབ་བྱེད་པ། (4) དོན་དག་ལ་ལྟ་ཞིབ་བྱ་དུས། དོན་གྱི་འབྱུང་རྐྱེན་དང་། འཕེལ་རིམ། མཐོ་རླབས། མཇུག་འབྲས་བཅས་གནད་དུ་བཟུང་ནས་ལྟ་ཞིབ་བྱེད་དགོས་པ་མ་ཟད། ཚོགས་འདུ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་སོགས་ལའང་ལྟ་ཞིབ་ནན་པོ་བྱས་ནས་དེ་དག་གི་ཆོས་ཉིད་ལ་བསམ་གཞིག་དང་ཡིད་འཇོག་བྱས་ཚེ། སློབ་མའི་བསམ་བློར་འབྲི་བྱའི་ནང་དོན་མང་ཙམ་འཁོར་བ་དང་། རྩོམ་གྱི་རྒྱུ་ཆ་མང་ཙམ་གསོག་འཇོག་ཐུབ་ནས་ཅི་འབྲི་འདི་འབྲི་མེད་པའི་དཀའ་ཚེགས་ལས་སྒྲོལ་ཐུབ་ལ་བྲིས་པའི་རྩོམ་ཡིག་དག་ཀྱང་ཅུང་ལེགས་ཙམ་ཡོང་ཐུབ།

    གསུམ་པ། སློབ་ཕྱིའི་དཔེ་དེབ་ལྟ་ཀློག་མང་ཙམ་བྱེད་དགོས།

    “ཤེས་རབ་རྒྱ་ཆེར་འཕེལ་བའི་སྒོ། ཐོས་པ་ཡིན་པ་དེ་ཡི་ཕྱིར”ཞེས་གསུངས་པ་ལྟར་རྩོམ་འབྲིའི་ནུས་རྩལ་འཕེལ་བར་ཐོག་མར་ཐོས་པ་རྒྱ་ཆེར་གསོག་དགོས་ཤིང་། ཐོས་པ་གསོག་པ་ལའང་དགེ་རྒན་གྱི་སློབ་ཁྲིད་ཉན་པ་དང་སློབ་གཞིའི་ཁྲོད་ཀྱི་རྩོམ་དཔེ་འགའ་ཤས་བལྟས་པ་ཙམ་གྱིས་མི་ཡོང་བར་སློབ་ཕྱིའི་དཔེ་དེབ་སྣ་ཚོགས་ལ་ལྟ་ཞིབ་བྱེད་དགོས། རྒྱུ་མཚན་ནི་ལྟ་ཀློག་བྱེད་པའི་ཁྲོད་གཅིག་ནས་བསམ་གཞིག་གི་ནུས་པ་གོང་མཐོར་འགྲོ་ཐུབ་ལ། གཉིས་ནས་མིང་བརྡ་དང་། གཏམ་དཔེ། སྙན་ཚིག་སོགས་ཀྱི་ཤེས་བྱ་གསོག་འཇོག་དང་བེད་སྤྱོད་བྱེད་ཚུལ་རྟོགས་ཐུབ། ལྷག་པར་དུ་དགེ་རྒན་ནས་སློབ་ཆུང་སློབ་མའི་ཤེས་ཚད་དང་འཚམ་པའི་དཔེ་དེབ་ལྟ་ཀློག་བྱེད་དུ་འཇུག་རྒྱུ་ནི་གཙོ་གནད་ཡིན། གང་ལགས་ཤེ་ན། གལ་ཏེ་བཀླག་བྱའི་དཔེ་དེབ་དེ་ཚིག་རྒྱན་སོགས་ཀྱིས་བཅིངས་ཏེ་དོན་རྟོགས་དཀའ་བ་ཞིག་ཡིན་ཚེ། སློབ་མས་ལྟ་ཀློག་བྱེད་པའི་སེམས་ཤུགས་ཉམས་འགྲོ་བ་དང་། བལྟས་ཀྱང་ཕན་འབྲས་དེ་ཙམ་ཐོན་མི་ཐུབ། དེར་བརྟེན་དགེ་རྒན་ནས་དཔེ་དེབ་འོས་སྦྱོར་བྱ་དུས་སློབ་མས་གོ་སླ་ཞིང་ནང་དོན་གསོན་ཉམས་ལྡན་པ། བྱུང་རིམ་རྙོག་དྲ་མེད་པའི་དཔེ་ཆའི་རིགས་དཔེར་ན། 《ཆུང་འབྲིང་སློབ་མའི་ལེགས་རྩོམ་ཕྱོགས་བསྒྲིགས》དང་། 《འཛམ་གླིང་བྱིས་སྒྲུང་གྲགས་ཅན》 དམངས་ཁྲོད་རྩོམ་རིག་སོགས་ཀྱི་དཔེ་དེབ་གང་མང་མཚམས་སྦྱོར་གྱིས་ལྟ་ཀློག་བྱེད་དུ་འཇུག་དགོས། ལྟ་ཀློག་བྱས་པ་བརྒྱུད་དེ་ཚོའི་ནང་གི་ཚིག་སྦྱོར་སྤེལ་སྟངས་དང་། དཔེ་དོན་སྦྱོར་ཚུལ། བརྩེ་དུང་མཚོན་སྟངས། རྒྱུ་ཆ་བཀོད་སྒྲིག་བྱེད་སྟངས་སོགས་ལ་ཉམས་ཞིབ་ཀྱིས་རང་རྩོམ་འབྲི་སྐབས་ལད་འབྲིའི་ཐབས་ལམ་སྤྱད་དེ་བཀོལ་སྤྱོད་བྱས་ཆོག དེས་ན་ང་ཚོས་ལྟ་ཀློག་སྦྱོང་བརྡར་བྱེད་པ་ནི་སློབ་མའི་ཤེས་རྟོགས་དང་བསམ་གཞིག་གི་ནུས་པ་སྐྱེད་སྲིང་དང་སྐད་ཡིག་གི་བརྡ་སྤྲོད་ནུས་པ་ལེགས་སུ་གཏོང་བ། དེ་བཞིན་རྩོམ་འབྲིའི་རྨང་གཞི་འདིང་བ་སོགས་ཀྱི་གལ་ཆེའི་ཐབས་ལམ་ཞིག་ཏུ་ངོས་བཟུང་ནས་ལྟ་ཀློག་སྦྱོང་བརྡར་ལ་ལྷོད་གཡེང་རྩ་བ་ནས་མི་ཤོར་བ་བྱེད་དགོས། དེ་ནི་ཨུ་རུ་སུའི་སློབ་གསོ་མཁས་ཅན་སུའུ་ཧའོ་མུའུ་ལིན་སི་ཅིས།“སློབ་མ་སྤྱང་པོ་ཡོང་བའི་ཐབས་ནི་སློབ་ཚན་གསབ་ཁྲིད་བྱེད་པ་མ་རེད་ལ། སྦྱང་གཞི་ཁ་སྣོན་བྱེད་པའང་མ་རེད། དེ་ནི་ལྟ་ཀློག་ནས་ལྟ་ཀློག ཡང་ནས་བསྐྱར་དུ་ལྟ་ཀློག་བྱ་རྒྱུ་དེ་རེད”ཅེས་གསུངས་པས་ཀྱང་གོ་ནུས་སོ།

    བཞི་པ། རྩོམ་ཡིག་ལ་བཟོ་བཅོས་བྱེད་དགོས།

    རྩོམ་ཡིག་ལ་བཟོ་བཅོས་རྒྱག་རྒྱུ་འདི་ནི་སློབ་མས་རང་གིས་བྲིས་པའི་རྩོམ་ཡིག་ལ་རང་གིས་ཡང་བསྐོར་བསྐྱར་བསྐོར་གྱིས་ལྟ་ཞིབ་ཀྱིས་བཟོ་བཅོས་བྱ་རྒྱུ་དེ་ཡིན། འོན་ཀྱང་དེང་དུས་ཀྱི་སློབ་མ་ཚོས་རྩོམ་ཡིག་བྲིས་པ་ཙམ་མ་གཏོགས། ཁོ་ཚོར་རྩོམ་ཡིག་ལ་བཟོ་བཅོས་བྱེད་པའི་གོམས་གཤིས་རྩ་བ་ནས་མེད་ལ། རྩོམ་ཡིག་ཐུང་ངུ་ཞིག་གི་ནང་དུའང་ཚིག་སྐྱོན་དང་། དོན་སྐྱོན། བཟློས་སྐྱོན། བརྡ་སྤྲོད་དང་མི་མཐུན་པ་སོགས་ཀྱི་སྐྱོན་མི་ཉུང་བ་ཞིག་ལྷག་གི་ཡོད། སྣང་ཚུལ་དེ་ནི་ཧ་ལམ་སློབ་མས་དགེ་རྒན་ལ་ཁྲལ་འཇལ་བའི་ཐབས་སུ་སྣང་བས་དེ་ལྟ་བུའི་རྩོམ་འབྲིའི་སྦྱོང་བརྡར་ལ་ཕན་ནུས་ལེགས་པོ་ཞིག་ཐོན་དཀའ་བས། སློབ་མའི་གོམས་གཤིས་ངན་པ་དེར་སྒྱུར་བཅོས་ཀྱིས་རྒྱུན་དུ་སློབ་མས་རྩོམ་ཡིག་རིང་ཐུང་ཅི་འདྲ་ཞིག་བྲིས་རུང་ནང་དོན་གཙོ་བོ་གནད་ལ་འཁེལ་མིན་དང་། འབྲི་བྱའི་ནང་དོན་ལ་འཕྲི་སྣོན་བྱ་དགོས་མིན། སྒྲིག་གཞི་ཇི་ལྟར་བཀོད་ན་འཚམ་མིན། ཚིག་སྦྱོར་ཇི་ལྟར་སྤེལ་ན་བདེ་ཞིང་སྙན་པ་ཡོང་མིན་སོགས་ཕྱོགས་ཚང་མའི་ཐད་བསམ་གཞིག་དང་བཟོ་བཅོས་བྱ་རྒྱུའི་དུས་ཚོད་འདང་ངེས་སྤྲད་ནས་ནང་དོན་གནད་ལ་འཁེལ་ཞིང་། གོ་རིམ་མི་འཆོལ་བ་དང་། ཚིག་སྦྱོར་བདེ་ཞིང་སྙན་ལ་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པའི་རྩོམ་ཡིག་ལེགས་པོ་ཞིག་མ་ཆགས་བར་དུ་བཟོ་བཅོས་བྱེད་དུ་འཇུག་དགོས། དེ་ནི་རྩོམ་འབྲིའི་སྦྱོང་བརྡར་ནང་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན།

    མདོར་ན་སློབ་ཕྲུག་ཚོར་སློབ་ཕྱིའི་དཔེ་དེབ་མང་ཙམ་ལྟ་ཀློག་བྱེད་དུ་འཇུག་པ་དང་ཆབས་ཅིག་རང་ཉིད་ཀྱི་ཉེ་འཁོར་གྱི་ཁོར་ཡུག་ལ་ལྟ་ཞིབ་དང་དབྱེ་ཞིབ་ཀྱིས་རྩོམ་འབྲིའི་རྒྱུ་ཆ་འཚོལ་བསྡུ་བྱས་རྗེས་འབྲི་སྦྱོང་གང་མང་དང་བཟོ་བཅོས་བྱེད་དུ་བཅུག་ཚེ། སློབ་མའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་རྩོམ་འབྲིའི་ནུས་པ་གོང་མཐོར་འགྲོ་ཐུབ་སྙམ།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།