དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བརྩེ་སེམས་ཀྱིས་ཕྱུག་པའི་འཛིན་གྲྭའི་ཀྲུའུ་རེན་ཞིག་ཇི་ལྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-23

    སློབ་གསོའི་ལམ་ཁ་ནས་བཞུད་པའི་སྔོན་བྱོན་པ་རེ་རེའི་ཞབས་རྗེས་དང་སེམས་ཁམས་ཀྱི་བར་མཐོངས་ན་འོད་ཟེར་གྱི་སྒྲོན་མེ་དང་མཚུངས་པའི་ཤེས་བྱ་ཡོན་ཏན་གྱི་མེ་ཏོག་འཁྲུངས་ནས་སྤྱི་ཚོགས་ཡོངས་ལ་ཕན་པའི་བྱ་གཞག་གི་སྦྲང་ཆར་འབེབས་པ་དེ་ཡང་ཐོག་མར་སློབ་གསོར་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། གུས་མོ་རང་ཉིད་ཀྱང་སློབ་གྲྭ་ཐོན་རྗེས་གནས་འདིར་སློབ་གསོའི་བྱ་བར་ཞུགས་ནས་ད་བརབགྲང་བྱ་བཅུ་བདུན་ཙམ་སོང་རིང་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་འགན་འཁུར་བ་ཡིན། བགྲང་བྱ་དེ་དག་རིང་རང་ཉིད་ལ་སློབ་གསོ་སློབ་ཁྲིད་ཀྱི་ལམ་བུའི་ཐོག་ཏུ་དགའ་སྐྱོ་ཟུང་འབྲེལ་གྱི་གནས་ཚུལ་མང་པོ་ཞིག་འཕྲད་མྱོང་ལ་གཡུར་དུ་ཟ་བའི་འབྲས་བུ་ཡང་ཐོབ་མྱོང་ཞིང་། སྐབས་འདིར་རང་ཉིད་ཀྱི་འཛིན་གྲྭའི་ཀྲུའུ་རེན་གྱི་མྱོང་བ་མདོ་ཙམ་གླེང་ན།

    འཛིན་གྲྭའི་ཀྲུའུ་རེན་ནི་འཛིན་གྲྭའི་བྱ་བའི་ཁྲོད་མེད་དུ་མི་རུང་བའི་མི་སྣའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། འཛིན་གྲྭ་ཞིག་གི་སློབ་སྦྱོང་གི་རྣམ་པ་བཟང་མིན་དང་། སྒྲིག་ལམ་དང་གཙང་སྦྲ། ཐུན་མོང་གི་བྱ་བ་མཐའ་དག་བདེ་བླག་ངང་སྒྲུབ་ཐུབ་མིན་གྱི་ཚད་དེ་གཙོ་བོ་འཛིན་གྲྭའི་ཀྲུའུ་རེན་གྱི་བྱ་བའི་ནུས་པ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། འཛིན་གྲྭའི་ཀྲུའུ་རེན་ནི་འཛིན་གྲྭའི་ཐུན་མོང་རྩ་འཛུགས་ཀྱི་རྣམ་པའི་ཐོག་ནས་སློབ་མར་སློབ་གསོ་གཏོང་མཁན་དང་སྣེ་ཁྲིད་ཀྱི་འགན་འཁུར་དགོས་པས་སློབ་མའི་བསམ་བློ་ཀུན་སྤྱོད་དང་། གཟུགས་གཞི་བདེ་ཐང་། སེམས་ཁམས་བདེ་ཐང་། གཤིས་རྒྱུད་སོགས་ལ་རྒྱུས་མངའ་ལོན་པ་བྱས་ཏེ་སློབ་མ་ཚོར་དེ་ལ་དེ་བསྟུན་གྱི་སེམས་ཁུར་བྱེད་དགོས་པ་ནི་འཛིན་གྲྭའི་ཀྲུའུ་རེན་གྱི་ཕྲག་ཏུ་བབས་པའི་འོས་འགན་ཡིན། འོས་འགན་དེ་ལེགས་སྒྲུབ་བྱེད་པའི་གོ་རིམ་ཁྲོད་འཛིན་གྲྭའི་ཀྲུའུ་རེན་གྱིས་ངེས་པར་དུ་བྱ་བའི་གཙོ་ཕལ་ལ་དམིགས་ནས་སློབ་གསོའི་བྱ་བ་ལག་བསྟར་བྱེད་དགོས།

    དང་པོ། སློབ་མར་འདྲ་མཉམ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    སློབ་མ་རྣམས་ནི་འཚོ་གནས་བྱེད་སའི་ཁོར་ཡུག་དང་ཆ་རྐྱེན་མི་གཅིག་པའི་དབང་གིས་ཁོང་ཚོའི་བསམ་བློ་ཀུན་སྤྱོད་དང་སྤྲོ་སྣང་། དགའ་ཕྱོགས། རང་གཤིས་བཅས་ལ་ཁྱད་པར་ཆེན་པོ་ཡོད་པས་འཛིན་གྲྭའི་ཀྲུའུ་རེན་གྱིས་ཁྱད་པར་མི་འདྲ་བ་དེ་དག་ལ་དམིགས་ནས་སློབ་གསོ་དང་བྱེད་ཐབས་མི་འདྲ་བ་སྤྱད་དེ་སློབ་མ་ཚོས་ཡང་དག་པའི་མི་ཚེའི་རིན་ཐང་རྟོགས་པར་ཁྲིད་སྟོན་དང་། སློབ་སྦྱོང་གི་རྣམ་འགྱུར་ཡོ་བསྲང་བྱེད་པ། སློབ་སྦྱོང་ཁྲོད་ཀྱི་དཀའ་ངལ་སེལ་བའི་བྱེད་ཐབས་འཚོལ་ཞིབ་ཐད་རོགས་རམ་དང་སེམས་ཁུར་བྱས་པ་ལས་སློབ་སྦྱོང་བཟང་ཞན་གྱི་ཕྱོགས་ཞེན་དང་། རྗེས་ལུས་འཕེལ་མེད་ཀྱི་ཕྱོགས་ལྷུང་གི་ལྟ་ཚུལ་གཏན་ནས་འཛིན་མི་རུང་། དེ་ལྟར་མིན་ན་སློབ་མར་སེམས་སྡུག་གི་རྨ་ཁ་བཟོ་སྲིད་ལ་ཁོང་ཚོའི་མདུན་སྐྱོད་ཀྱི་ལྷག་བསམ་དང་ཡིད་ཆེས་ཀྱི་སེམས་ལ་བསམ་ཚུལ་སྐྱོན་ཅན་དང་ངན་འབྲས་ཡང་འབྱུང་སྲིད་པས་འཛིན་གྲྭའི་ཀྲུའུ་རེན་རྣམ་པས་ནད་ཐོག་སྨན་འཁེལ་གྱི་ཐབས་ལ་བརྟེན་ནས་སློབ་སྦྱོང་དང་ཀུན་སྤྱོད་ཞན་པའི་སློབ་མར་དམིགས་བསལ་གྱི་བྱམས་སྐྱོང་དང་ལྟ་རྟོག་བྱས་ཏེ་མི་མང་འཚོགས་སར་ཁོང་ཚོའི་སྐྱོན་ཆ་ཐེར་འདོན་མ་བྱས་པར་དགེ་མཚན་གྱི་ཆར་དམིགས་སུ་བཀར་ཏེ་བསྔགས་བརྗོད་བྱེད་ཞོར་དུ་མི་འདང་བའི་ཆར་ཡང་བརྩེ་སེམས་འཆང་བཞིན་ངང་རྒྱུད་རིང་པོས་གོ་བསྐོན་སློབ་གསོ་བརྒྱབ་ཚེ་སློབ་མ་དེ་དག་ཀྱང་དགེ་རྒན་ལ་དགའ་མགུ་ཡི་རངས་སྐྱེ་ཞིང་སློབ་གསོ་དང་ལེན་ཐུབ་ནས་མུ་མཐུད་ཡར་རྒྱས་ཆེན་པོ་འགྲོ་རྒྱུར་ཕན་ནུས་ཆེན་པོ་ཐོན་ངེས་རེད།

    གཉིས་པ། འཛིན་གྲྭའི་ཀྲུའུ་རེན་གྱིས་རང་དཔེ་གཞན་སྟོན་གྱི་ནུས་པ་འདོན་དགོས།

    འཛིན་གྲྭའི་ཀྲུའུ་རེན་ཞིག་ཡིན་ན་ཐོག་མར་རང་ཉིད་ཀུན་སྤྱོད་གཙང་ཞིང་མིག་རྒྱང་རིང་བ་དང་། སྤྱོད་ཚུལ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ལྡན་དགོས། རང་གི་གཏམ་སྤྱོད་ལ་བརྟེན་ནས་སློབ་མ་རྣམས་ཀྱི་རང་གཤིས་ལེགས་ཕྱོགས་སུ་བསྒྱུར་དགོས། སློབ་གསོའི་སྤུས་ཚད་མཐོར་འདེགས་བྱེད་པའི་ཆེས་གཞི་རྩར་གྱུར་པའི་འཛིན་གྲྭའི་ཀྲུའུ་རེན་གྱི་ཀུན་སྤྱོད་ནི་སློབ་མ་རྣམས་ཀྱི་མིག་དཔེར་གྱུར་ལ། དེ་བས་གལ་ཆེ་བ་ཞིག་ནི་རང་ཉིད་ཀྱི་ཡོན་ཏན་ཆེ་ཆུང་ལ་མ་བལྟོས་པར་ཕན་སེམས་ཀྱི་ལྟ་བ་ཟབ་མོ་ཞིག་དང་སློབ་མ་ཚོར་ཁྲིད་སྟོན་གྱི་ནུས་པ་འདོན་པའི་ཀུན་སྤྱོད་བཟང་པོ་ཞིག་ཡོད་དགོས་པ་དེ་ཡིན། སློབ་མ་ཚོར་ཕན་སེམས་ཀྱི་དྲོད་ཤུགས་མ་ཉམས་ཚེ་སློབ་མའི་གཤིས་རྒྱུད་ཀྱི་མེ་ཏོག་བཟང་པོ་ངེས་པར་སྐྱེ་སྲིད་པས་སློབ་གསོའི་ཆོས་ཉིད་དང་མཐུན་པའི་སྒོ་ནས་སློབ་སྦྱོང་དང་སྤྱོད་ལམ་གང་ཅིའི་ཐད་ནས་རང་དཔེ་གཞན་སྟོན་གྱི་ནུས་པ་བཏོན་ཐོག་སློབ་མའི་གཤིས་རྒྱུད་ལ་སྤྱོད་བཟང་གི་བག་ཆགས་ཟབ་མོ་འཇགས་ཐུབ་པ་བྱ་དགོས། གལ་ཏེ་ཁ་ནས་སློབ་མ་ཚོར་སློབ་གསོ་ཇི་ཙམ་བཏང་རུང་དོན་དངོས་ཀྱི་བྱ་སྤྱོད་ལས་སློབ་མར་ཁྲིད་སྟོན་ནམ་རང་དཔེ་གཞན་སྟོན་གྱི་ནུས་པ་འདོན་མ་ཐུབ་ཚེ་སློབ་མའི་རྒྱུད་ལ་བག་ཆགས་ངན་པ་བྱུང་སྟེ་ངག་ནས་བརྗོད་མ་ནུས་ཀྱང་སེམས་གཏིང་ནས་གུས་བཀུར་དང་བརྩི་བཀུར་བྱེད་མི་སྲིད་ལ་དེ་ལྟ་བུའི་གནས་ཚུལ་འོག་འཛིན་གྲྭའི་བྱ་བའི་ལས་དོན་ཕམ་ཉེས་འབྱུང་སྲིད་པ་སྨོས་མི་དགོས་པས། འཛིན་གྲྭའི་ཀྲུའུ་རེན་གྱིས་དུས་དང་རྣམ་པ་ཀུན་ཏུ་མིག་དཔེ་འདོན་སྤེལ་བྱེད་དགོས་པ་ནི་འཛིན་གྲྭའི་ཀྲུའུ་རེན་ཚོའི་ལས་དོན་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན།

    གསུམ་པ། དྲོ་སྐྱིད་ལྡན་པའི་ཐུན་མོང་གི་ཁྱིམ་ཞིག་ཡོད་པའི་ཚོར་སྣང་སྦྱིན་དགོས།

    ན་ཆུང་བྱིས་པ་རྣམས་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་པས་དེ་དག་རིག་གནས་ཆུ་ཚད་མཐོ་ཞིང་ཀུན་སྤྱོད་ལེགས་པ། དུས་རབས་དང་མཐུན་པའི་མི་སྣ་གསར་པ་ཞིག་ཏུ་སྐྱེད་སྲིང་བྱེད་ཐུབ་པ་དགོས་ན། ཐོག་མར་འཛིན་གྲྭའི་ཀྲུའུ་རེན་ལ་སློབ་མར་བརྩེ་སེམས་ཟབ་མོ་དང་བྱ་བར་སུན་སྣང་མེད་པའི་སྙིང་སྟོབས་ལྡན་དགོས་ལ་སློབ་མའི་ཕྱོགས་ཡོངས་ལ་ལྟ་སྐུལ་དང་དོ་སྣང་བྱས་ནས་སློབ་མ་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱས་ཏེ་འཛིན་གྲྭའི་ནང་འཆམ་མཐུན་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས།

    མདོར་ན། ང་ཚོས་ལས་དོན་ཧྲིལ་པོའི་ཁ་ཕྱོགས་ས་ནི་སློབ་ཕྲུག་ཡིན་ཞིང་སློབ་ཕྲུག་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྣེ་ཁྲིད་བྱེད་མཁན་མི་སྣ་གཙོ་བོ་ནི་འཛིན་གྲྭའི་ཀྲུའུ་རེན་ཡིན་པས་ང་ཚོས་སློབ་མར་རྒྱུན་གཏན་རང་བཞིན་གྱི་སློབ་མའི་སློབ་སྦྱོང་དང་འཚོ་བར་འབྲེལ་འདྲིས་བྱས་ནས་ཐུན་མོང་གི་འཚོ་བའི་ནང་བསམ་ཚུལ་དང་བསམ་འཆར་གང་ཡོད་བསྡུ་ལེན་བྱས་ཐོག་ཡང་དག་པའི་སློབ་གསོར་བརྟེན་ནས་སློབ་མའི་ཀུན་སྤྱོད་ཀྱི་བྱང་ཚད་དང་ཤེས་རིག་གི་བྱང་ཚད་གོང་མཐོར་གཏོང་ཆེད་འབད་པ་ལྷུར་ལེན་བྱེད་དགོས་པ་དེ་ཡིན།

    (གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ནུབ་མ་ཤང་ཆ་ཚང་སློབ་ཆུང་གི་དགེ་མིང་མཁའ་འགྲོས)

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།