སློབ་གསོ་ནི་མི་རིགས་དར་རྒྱས་ཀྱི་རྨང་གཞི་ཡིན། སྔར་ནས་ད་བར་ལྷོ་ཁ་ས་ཁུལ་གྱིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ས་ཁུལ་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བའི་དོན་ཆེན་ཨང་དང་པོར་བརྩིས་པར་བརྟེན་ས་ཁུལ་དེ་ཡོངས་ཀྱི་སློབ་གསོའི་བྱ་གཞག་གི་ཕྱོགས་བསྡུས་འཕེལ་རྒྱས་སྟོབས་ཤུགས་རིམ་བཞིན་ཆེ་རུ་ཕྱིན་པ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་ཚད་ལོ་རེ་བཞིན་ཇེ་མཐོར་ཕྱིན་ཡོད་པ་རེད།
གཅིག་ནས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས་ན་གཅེས་སེམས་ལྡན་དགོས། གཅེས་སེམས་ནི་སློབ་གསོའི་རྨང་གཞི་ཡིན་པས་གཅེས་སེམས་མེད་པའི་སློབ་གསོ་ནི་གྲུབ་འབྲས་ལྡན་པའི་སློབ་གསོ་ཞིག་མིན། གཅེས་སེམས་མེད་ན་དངོས་འབྲེལ་དྲང་འབྲེལ་གྱི་སློབ་གསོ་མེད། སློབ་གྲྭར་གཅེས་པ་དང་། དགེ་རྒན་ལ་གཅེས་པ། སློབ་མར་གཅེས་པ། དགེ་སློབ་དབར་གཅེས་པ། སློབ་མའི་དབར་གཅེས་པ་བཅས་བྱ་རྒྱུ་ནི་སློབ་གསོ་སློབ་ཁྲིད་ལས་དོན་གྱི་འགོ་ཡག་པོ་འཛུགས་པའི་རྨང་གཞི་ཡིན། དགེ་རྒན་ཞིག་ལ་ཆ་མཚོན་ན། སློབ་མའི་ལྟ་བ་ཡང་དག་ཅིག་བཙུགས་ཏེ་སློབ་མར་བརྩི་འཇོག་དང་ཡིད་ཆེས་བྱེད་དགོས་པ་དང་། སློབ་མའི་ཡར་རྒྱས་དང་འཚར་ལོངས་ལ་ལྷག་བསམ་ཟོལ་མེད་ངང་དོ་ཁུར་བྱེད་དགོས། སློབ་མའི་དགེ་རྒན་ཡག་པོ་དང་གྲོགས་པོ་བཟང་པོ་ཞིག་བྱེད་དགོས། དགེ་རྒན་དབར་ལས་རོགས་ལྟ་བུའི་གཅེས་སེམས་ལྡན་པ་བྱས་ཏེ་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་མཐུན་སྦྱོར། ཕན་ཚུན་བཟོད་སྒོམ། ཐུན་མོང་ཡར་རྒྱས་བཅས་ཡོང་བ་བྱེད་དགོས། གཅེས་སེམས་སློབ་གྲྭ་ཡོངས་ལ་ཁྱབ་པ་བྱེད་དགོས། ཕུལ་བྱུང་དགེ་རྒན་མང་པོ་ཞིག་གི་མི་སེམས་འགུལ་བའི་བྱས་རྗེས་ལས་མཚོན་པ་ནི་ཁོང་ཚོས་སློབ་མར་ཧ་ཅང་གཅེས་པོ་ཡོད་པ་དེ་རེད། དཀའ་ངལ་འཕྲད་སྐབས་སློབ་མའི་བདེ་སྡུག་ཨང་དང་པོར་བཞག་སྟེ་སློབ་མར་གཅེས་སེམས་ཟབ་མོ་བཅངས་ནས་མི་གཙོ་བོར་འཛིན་པའི་སྙིང་སྟོབས་གང་ལེགས་མཚོན་དགོས་པ་རེད།
གཉིས་ནས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས་ན་ལས་སྒོའི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་དགོས། ལས་སྒོའི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱ་རྒྱུ་ནི་དེང་སྐབས་སློབ་གསོ་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཞིག་རེད། སློབ་གསོར་ཆ་འཕྲིན་ལག་རྩལ་གྱི་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་འགྲོ་བ་དང་སྦྲགས་དེས་དགེ་རྒན་རྣམས་ལ་ངེས་པར་དུ་སློབ་གསོའི་བསམ་ཕྱོགས་དང་། ལྟ་བ། རྣམ་པ། ནང་དོན། བྱ་ཐབས་བཅས་ཐད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་དང་དེང་སྐབས་སློབ་གསོའི་ལག་རྩལ་ངེས་པར་དུ་ཁོང་དུ་ཆུད་པ་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
གསུམ་ནས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས། སློབ་གསོའི་ལས་དོན་པས་དེང་སྐབས་སློབ་གསོའི་ལག་རྩལ་རྒྱུན་ཆད་མེད་པར་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ནས་ཆ་འཕྲིན་ཅན་གྱི་སློབ་གསོ་ལས་སློབ་ཁྲིད་བྱེད་སྟངས་དང་བྱེད་ཐབས་ལ་འགྱུར་ལྡོག་བྱུང་བར་བསྟུན་ཐབས་བྱེད་དགོས། སློབ་ཁྲིད་སྒྱུར་བཅོས་གསར་པའི་ཁྲོད་སློབ་ཁྲིད་བྱེད་རིང་དེང་སྐབས་སློབ་གསོའི་ལག་རྩལ་བློ་ཁོག་ཆེན་པོས་བེད་སྤྱད་དེ་དགེ་སློབ་ཕན་ཚུན་སྤེལ་རེས་ཐུབ་པར་བྱེད་དགོས་ཤིང་། དེ་སྔའི་སྲོལ་རྒྱུན་གྱི་སློབ་ཁྲིད་དེ་མཛུབ་ཁྲིད་དུ་བསྒྱུར་ཏེ་སློབ་ཁྲིད་སྒྱུར་བཅོས་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལ་། སློབ་ཚན་ཚང་མ་བཀོད་སྒྲིག་ལེགས་པར་བྱེད་དགོས་ཤིང་། རང་ཉིད་ཀྱི་ལས་སྒོའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཚེ་གཞི་ནས་དུས་རབས་ཀྱི་བླང་བྱ་གསར་པ་དང་མཐུན་ཐུབ།