དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཐུན་གཅིག་གི་སློབ་ཚན་གྲ་སྒྲིག་བྱེད་ཕྱོགས་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-22

    སློབ་གསོ་སློབ་ཁྲིད་ཀྱི་ལས་ཀ་ནི་སློབ་གྲྭའི་ལས་དོན་ཡོངས་ཀྱི་གཙོ་བོའི་མ་ལག་ཅིག་ཡིན་ལ། དེ་ལས་ཀྱང་སློབ་ཁང་སློབ་ཁྲིད་ནི་སློབ་ཁྲིད་གྲུབ་ཆ་ཧྲིལ་པོའི་ལྟེ་བ་ཞིག་རེད། དེར་བརྟེན། སློབ་ཁང་སློབ་ཁྲིད་ཀྱི་ཁྲིད་སྟོན་ལེགས་ཉེས་ལས་དགེ་རྒན་གྱི་སློབ་ཁྲིད་འཇོན་ནུས་དང་། སློབ་མའི་སྦྱངས་འབྲས། སློབ་གྲྭ་ཞིག་གི་སློབ་ཁྲིད་སྤུས་ཚད་བཅས་ལ་དཔྱད་འཇོག་བྱེད་པས། སློབ་ཁང་སློབ་ཁྲིད་ཀྱི་སྤུས་ཚད་དེ་དུས་རབས་ཀྱི་འགྲོས་དང་འཚམས་པར་གོང་མཐོར་གཏོང་རྒྱུ་དེ་ནི་ང་ཚོ་དགེ་རྒན་ཚང་མའི་ཕྲག་སྟེང་དུ་བབས་ཤིང་། གཡོལ་ཐབས་མེད་པའི་གཟི་བརྗིད་ཀྱི་འགན་འཁྲི་ཞིག་རེད། འགན་འཁྲི་དེ་ལེགས་སྒྲུབ་བྱེད་དགོས་ན། བློ་མཐུན་ཏེང་ཞའོ་ཕིང་གིས་གསུངས་པ་ལྟར། སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་ཀྱི་མཛད་ཕྱོགས་ཡང་དག་པ་ལག་ལེན་བསྟར་དགོས། དེ་ཡང་ཁ་ཕྱོགས་གསུམ་གྱི་མཛུབ་སྟོན་འོག་སློབ་ཁང་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་བར། ཐོག་མར་སློབ་ཁྲིད་དགེ་རྒན་རྣམ་པས་སློབ་ཐུན་རེ་རེ་བཞིན་གྱི་སྔོན་འགྲོའི་གྲ་སྒྲིག་ལས་ཀ་འཐུས་ཚང་བསྒྲུབ་རྒྱུ་ནི་གལ་འགངས་ཆེ་ཤོས་ཤིག་རེད།

    དེ་ཡང་སློབ་ཁྲིད་ཀྱི་ཁ་ཕྱོགས་ས་ནི་སྣ་མང་རྙོག་འཛིང་ཆེ་བའི་དངོས་དོན་ཞིག་ཡིན་པས། སློབ་ཁྲིད་ཀྱི་ཕན་འབྲས་འགན་ལེན་ཡོང་ཆེད། ངེས་པར་དུ་གྲ་སྒྲིག་གང་ལེགས་བྱས་རྗེས་གཞི་ནས་སློབ་ཁྲིད་གནང་དགོས། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གསུངས་པ་ལྟར་ན། “དེ་སྔོན་གདན་ས་ཆེན་པོ་ཁག་དང་གཞུང་བཙུགས་དང་སྒེར་བཙུགས་ཀྱི་སློབ་གྲྭ་རྙིང་པ་ཁག་ལ་སློབ་ཁྲིད་ཀྱི་འཆར་གཞི་རགས་བསྡུས་ཙམ་ལས་ཞིབ་ཕྲ་མེད་པ་མ་ཟད། དགེ་རྒན་ཚོས་ཀྱང་རང་རང་གི་མཁྱེན་རྒྱ་ཆེ་ཆུང་ལ་གཞིགས་པའི་སློབ་ཁྲིད་རྒྱས་བསྡུས་ཐུགས་འདོད་ལྟར་གནང་བ་མ་གཏོགས་ཡིག་ཆའི་ཐོག་གཅིག་གྱུར་གྱིས་གཏན་འཁེལ་བྱས་པའི་འཆར་གཞི་གཏན་ནས་མེད་སྟབས་དགེ་རྒན་མཁྱེན་ཡོན་རྒྱས་པ་ཚོས་སློབ་ཐུན་གཅིག་ལ་དུས་ཚོད་ཧ་ཅང་རིང་པོ་འགོར་ཞིང་། དགེ་རྒན་མཁྱེན་རྒྱ་ཆུང་བ་ཚོས་སློབ་ཚན་གལ་ཆེའི་རིགས་ཀྱང་དུས་ཚོད་ཐུང་ཐུང་ཞིག་ནང་གྲུབ་པ་མཛད་དེ་སློབ་ཁྲིད་གནད་ལ་འཁེལ་པོ་ཞིག་ཡོང་གི་མེད་པ་རེད”ཅེས་གསུངས། འོན་ཀྱང་དེང་སྐབས་སློབ་གྲྭ་ཁག་ལ་འཆར་གཞི་ཞིབ་ཕྲ་ལྡན་པའི་སློབ་ཁྲིད་ལམ་ལུགས་ལག་ལེན་བསྟར་བའི་སྐབས་སུའང་། རང་རེའི་མཐོང་ཆོས་སུ། དགེ་རྒན་ཁག་གཅིག་གིས་སློབ་ཚན་གྲ་སྒྲིག་མ་སྒྱིད་པའམ་ལེགས་པོ་ཞིག་མི་ཤེས་པ་དང་། དགེ་རྒན་ལ་ལས་རང་ཉིད་ལ་ལོ་མང་སློབ་ཁྲིད་བྱས་པའི་ཉམས་མྱོང་མང་པོ་ཡོད་སྙམ་ནས་སློབ་ཚན་གྲ་སྒྲིག་ཡག་པོ་མི་བྱེད་པའམ་རྩ་བ་ནས་མི་བྱེད་པ། རེ་འགས། རང་ཉིད་ལ་ཤེས་ཚད་དང་འཇོན་ནུས་ཆེན་པོ་ཡོད་སྙམ་པའི་ང་རྒྱལ་དང་། ཡང་ན་རིག་ཚན་རྐྱང་པ་གང་རུང་བ་དེ་རང་ཉིད་ཀྱིས་ཐེངས་མང་སློབ་ཁྲིད་བྱེད་མྱོང་ཡོད་པས། གྲ་སྒྲིག་མ་བྱས་ཀྱང་སྐྱོན་མེད་སྙམ་ནས་རང་འདོད་ལྟར་སློབ་ཁྲིད་བྱེད་རྐྱང་ལ་གཞོལ་བས་སློབ་ཁྲིད་ཀྱི་ཕན་འབྲས་བཟང་པོ་ཞིག་ཐོན་ཐབས་བྲལ། ཡང་སྒོས་སློབ་ཆུང་སྐད་ཡིག་དགེ་རྒན་ཕལ་ཆེ་བས་ནི་སློབ་གཞིར་ལྟ་ཀློག་ཅུང་ཟད་གནང་རྗེས་སློབ་གཞི་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི《སློབ་ཁྲིད་དཔྱད་གཞི》ཟེར་བའི་དཔེ་དེབ་དེར་གཟིགས་ཀྱིན་དུ་འཁྲིད་ཟིན་འགོད་པ་ནི་གྲ་སྒྲིག་གི་ལས་ཀ་ཉག་ཅིག་ཏུ་བརྩི་བཞིན་འདུག དེ་ལྟ་བུའི་སློབ་གཞི་ལྟ་ཀློག་དང་དཔྱད་གཞི་ཁོ་ན་ཙམ་གྱིས་སློབ་ཁྲིད་ཀྱི་ནང་དོན་ཁ་གསལ་གོ་བདེ་ཞིག་མི་ཡོང་བ་དང་། དགེ་རྒན་གྱིས་བཙན་ཤེད་ཀྱིས་བློ་འཛིན་དང་བསྐྱར་ཟློས་ལན་མང་བྱས་པའི་འབྲས་བུར་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤེས་བྱ་དང་ནུས་རྩལ་གསོ་སྐྱོང་བྱེད་མི་ཐུབ་པས། སློབ་ཁྲིད་སྐབས་སློབ་མའི་སྤྲོ་བ་ཉམས་ཏེ་སློབ་ཁང་ནང་གཉིད་དུ་ཡུར་བ་དང་། དཔེ་དེབ་གཞན་ལ་ལྟ་བ། བསམ་བློ་གཞན་ལ་གཡེང་བ་སོགས་ཐད་ཀར་སློབ་ཁྲིད་ཀྱི་སྤུས་ཚད་ཤུགས་རྐྱེན་ངན་པ་བཟོ་གི་ཡོད། དེར་བརྟེན། སློབ་ཁྲིད་ཀྱི་སྔོན་འགྲོའི་གྲ་སྒྲིག་ལེགས་པོ་ཞིག་བྱ་རྒྱུ་ནི་སློབ་ཁྲིད་དངོས་ལ་འཇུག་སྐབས་འབྲས་བུ་ཐོབ་པའི་རྩ་བའི་རྒྱུ་ལྟ་བུར་གྱུར་འདུག དེ་ཡང་མའོ་ཙེ་ཏུང་གིས“གྲ་སྒྲིག་མེད་པའི་དམག་འཐབ་དེ་མཐའ་མ་རང་ཉིད་ཕམ་ངེས་ཡིན”ཞེས་གསུངས་པ་དང་འདྲའོ། འོ་ན། ཡང་སྙིང་ང་ཚོས་སློབ་ཁྲིད་ཀྱི་སྔོན་འགྲོའི་གྲ་སྒྲིག་དེ་ཇི་ལྟར་བྱེད་དགོས་ཤེ་ན། སློབ་ཚན་གྲ་སྒྲིག་ཅེས་པ་ནི་སློབ་ཁྲིད་མ་བྱས་གོང་གི་སྔོན་འགྲོའི་གྲ་སྒྲིག་སྟེ། དགེ་རྒན་གྱིས་རང་ཉིད་ཀྱི་ཁྲིད་བྱའི་ནང་དོན་དང་གོ་རིམ་ཡི་གེར་བཀོད་ནས་ཁྲིད་གཞི་བཟོ་རྒྱུའི་གོ་དོན་ཁོ་ན་མ་ཡིནཔར། དེའི་ནང་དུ་སློབ་གཞིར་གྲ་སྒྲིག་བྱེད་པ་དང་། ཁྲིད་ཐབས་གྲ་སྒྲིག་བྱེད་པ། ཁྲིད་ཆས་གྲ་སྒྲིག་བྱེད་པ། ཁྲིད་གཞི་གྲ་སྒྲིག་བྱེད་པ། སློབ་མར་རྒྱུས་མངའ་སོགས་ཤིན་ཏུ་མང་ཡང་འདིར་རང་ཉིད་ཀྱི་ལོ་ཤས་སློབ་ཁྲིད་བྱས་པའི་ཉམས་མྱོང་གཞིར་བྱས་ཏེ་ཕྱོགས་གསུམ་གྱི་ཐད་ནས་གླེང་བར་བྱའོ།

    དང་པོ། སློབ་གཞིའི་ནང་དོན་ལ་བརྩོན་ཞིབ་བྱེད་དགོས།

    སློབ་ཁྲིད་ནི་མིའི་ནུས་པ་སྔོག་འདོན་གྱི་རྨང་གཞིའི་སྟེང་ཡང་དག་པའི་མཛུབ་ཁྲིད་ལ་བརྟེན་ནས་ཚན་རིག་ཤེས་བྱས་ཕྱུག་ཅིང་སྤྱི་ཚོགས་ལ་ཕན་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པས། འགན་སེམས་ཅི་ཡང་མེད་པར་རང་སྣང་གང་དྲན་ངང་སློབ་ཁྲིད་བྱེད་མི་རུང་བར་རྒྱུན་དུ་སློབ་ཁྲིད་རྩ་འཛིན་གཞིར་བཟུང་། སྤྱིར་སློབ་གཞིའི་ནང་སློབ་ཐུན་དེའི་ཁྲིད་བྱའི་ནང་དོན་གང་དེའི་མིང་དང་། ཚིག བརྗོད་པ་དང་ཕྲེང་བ་སོགས་ཀྱི་ལྷུ་ཚིགས་ཕྲ་རགས་ཐམས་ཅད་ཁོང་དུ་ཆུད་གང་ཐུབ་བྱེད་དགོས། ཆབས་ཅིག་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་སོགས་ལ་ལྟ་ཀློག་ནན་ཏན་བྱེད་དགོས་པ་མ་ཟད། ཚོགས་ཐུན་གཅིག་ནང་སློབ་མས་རྨང་གཞིའི་ཤེས་བྱ་གང་ཞིག་རྟོགས་དགོས་པ་དང་། ནུས་རྩལ་གང་ཞིག་ཁོང་དུ་ཆུད་དགོས་པ། སློབ་གསོ་གང་ཞིག་ཐེབས་དགོས་པ་སོགས་ཀྱི་དམིགས་ཡུལ་གསལ་པོ་འདོན་དགོས་ལ། དགེ་རྒན་ཕན་ཚུན་དབར་ཉམས་མྱོང་སྤེལ་རེས་དང་། ཐུན་མོང་གི་ཤེས་རབ་ལ་བརྟེན་ནས་སློབ་ཁྲིད་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱ་བ་དང་། གྲོས་བསྡུར་དང་བསམ་གཞིག་སོགས་གང་གཟབ་ཀྱིས་ཁྲིད་བྱའི་སློབ་ཚན་དེ་བློ་ངོར་གསལ་ལྷང་ངེར་འཆར་ཐུབ་པ་ཞིག་དགོས། གལ་ཏེ་ཁྲིད་བྱའི་སློབ་ཚན་དེ་དང་འབྲེལ་ཡོད་ཀྱི་ཤེས་བྱ་དག་དགེ་རྒན་གྱི་བློ་ངོར་བྱང་ཆུབ་པ་ཞིག་མེད་ཚེ། སློབ་མས་ཉན་འདོད་མི་བྱེད་པ་དཔེར་ན། སློབ་འབྲིང་ལོ་རིམ་བདུན་པའི་སྨད་ཆའི་ནང་གི《ང་རང་བྱིས་པ་ཡིན་དུས》ཞེས་པའི་སློབ་ཚན་དེ་འཁྲིད་སྐབས། གལ་ཏེ་དགེ་རྒན་གྱིས་རྗེ་བཙུན་མི་ལ་རས་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་ཇི་འདྲ་ཞིག་ཡིན་པ་དང་། སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཇི་འདྲཡིན་པ་དཔྱད་གཞི་གཟིགས་ཏེ་སློབ་མར་རགས་ཙམ་མ་བཤད་པར། སློབ་ཚན་དེའི་ནང་དོན་སློབ་མར་ཐད་ཀར་སློབ་ཁྲིད་གནང་ཚེ་སློབ་ཕྲུག་ཚོ་མགོ་བོ་རྨོངས་ཏེ་སློབ་ཚན་དེའི་ནང་དོན་གསལ་པོ་རྟོགས་མི་ཐུབ་པ་ལྟ་བུ་ཡིན། དགེ་རྒན་གྱིས་དམིགས་ཡུལ་དང་འཆར་གཞི་གཞིར་བཟུང་ནས་སློབ་ཁྲིད་བྱས་ཚེ་སློབ་མར་ཚན་རིག་རིག་གནས་ཀྱི་ཤེས་བྱ་ཐོབ་པ་མ་ཟད། ཆབ་སྲིད་བསམ་བློའི་སློབ་གསོ་ཡག་པོ་ཞིག་ཀྱང་ཐེབས་ཐུབ་པ་དང་། བྱེ་བྲག་སློབ་མས་སློབ་ཚན་གྱི་ནང་དོན་བདེ་བླག་རྟོགས་ཆེད་དགེ་རྒན་གྱིས་ཚོགས་ཐུན་གཅིག་ནང་ཁྲིད་བྱའི་ནང་དོན་དེའི་གཙོ་གནད་དང་དཀའ་གནད་གང་ཡིན་པ། དཔྱད་གཞིའི་ཡིག་རིགས་གང་ཞིག་ལྟ་དགོས་པ། ནང་དོན་གང་ཞིག་གྲོས་བསྡུར་བྱེད་དུ་འཇུག་རྒྱུ་ཡིན་པ། ནང་དོན་གང་དག་སློབ་མར་དྲི་བ་འདོན་རྒྱུ་སོགས་ཀྱི་ཐད་གྲ་སྒྲིག་གནང་སྟེ། དེ་ནས་སློབ་ཁྲིད་ཡོ་བྱད་ཅི་ཞིག་སྤྱོད་རྒྱུ་ཡིན་པ་དང་དེ་བདེ་བླག་ངང་སློབ་ཁྲིད་བྱེད་སྐབས་བེད་སྤྱོད་གཏོང་ཤེས་པ། སྦྱོང་གཞི་བཀོད་སྒྲིག་ཇི་ལྟར་ཡིན་པ་སོགས་ཀྱི་སྔ་ཕྱིའི་བརྒྱུད་རིམ་གྱི་དུས་ཚོད་བཀོད་སྒྲིག་འོས་འཚམས་ཤིག་བཟོས་ཏེ་གཞུང་ཕྱོགས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་སློབ་ཁྲིད་ཟིན་པ་བྱས་ཏེ་སློབ་མར་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་འཛུགས་པའི་ཆ་རྐྱེན་བསྐྲུན་དགོས།          

    གཉིས་པ། སློབ་ཕྲུག་ལ་རྒྱུས་མངའ་ལོན་པ་དགོས།

    སློབ་ཕྲུག་ནི་དགེ་རྒན་གྱི་ཤེས་བྱ་བརྒྱུད་སྤྲོད་བྱེད་ས་དང་། བརྩེ་སེམས་མངོན་ས། འཆར་གཞི་མངོན་འགྱུར་བྱེད་ས་སོགས་ཀྱི་ས་བོན་ལྟ་བུ་ཞིག་ཡིན་པས་དགེ་རྒན་གྱིས་རྒྱུན་དུ་སློབ་ཕྲུག་དང་འབྲེལ་འདྲིས་མང་ཙམ་བྱས་ཏེ་སློབ་མའི་ཕྱོགས་ཡོངས་ལ་རྒྱུས་མངའ་ལོན་པ་དགོས་ལ། དེ་བས་སློབ་ཁྲིད་ཁྲོད་དགེ་སློབ་ཕན་ཚུན་འདྲ་མཉམ་ཡིན་པའི་འདུ་ཤེས་བཟུང་དགོས། གལ་ཏེ་སློབ་ཕྲུག་ལ་འདྲ་མཉམ་མི་བྱེད་པ་དང་། དགའ་ཞེན་ཅུང་ཟད་ཙམ་ལས་མེད་པའི་དགེ་རྒན་ཞིག་ལ་ཤེས་བྱའི་ཡོན་ཚད་དང་སློབ་ཁྲིད་ཐབས་རྩལ་ཇི་ཙམ་ལེགས་ཀྱང་དེར་སློབ་མས་སེམས་གཏིང་ནས་དགའ་ཞེན་དང་ཡིད་ཆེས་བྱེད་མི་སྲིད་ལ། སློབ་ཁྲིད་ཀྱི་ཕན་འབྲས་ཀྱང་དེ་ཙམ་མངོན་གསལ་ཐོན་མི་ཐུབ། དེར་བརྟེན་རྒྱུན་དུ་སློབ་མས་དགེ་རྒན་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། དགེ་རྒན་གྱིས་ཀྱང་སློབ་མའི་རིན་ཐང་ལ་བརྩི་འཇོག་བྱེད་དགོས། ལྷག་པར་དུ“བློ་རིག་ཞན་པའི་སློབ་མ་དང་། སྦྱངས་འབྲས་ཞན་པའི་སློབ་མ། ནོར་འཁྲུལ་ཤོར་མྱོང་བའི་སློབ་མ། བརྩི་མཐོང་ཞན་པའི་སློབ་མ། ལྟ་ཚུལ་མི་གཅིག་པའི་སློབ་མ་རྣམས་ལ་གཞན་ལས་ལྷག་པར་བརྩི་བཀུར་བྱེད་པ་ལས། སློབ་མར་ལུས་ཆད་གཅོད་པའམ་གང་འདོད་དུ་སྡིག་མོ་དང་། ཟུར་ཟ། སྐྱོན་བརྗོད་བྱས་ན། སློབ་མའི་རང་བཀུར་བསམ་བློར་ཕོག་ཐུག་ཚབས་ཆེན་པོ་བཟོས་ཏེ་མི་ཚེ་ཕམ་ཁའི་ལམ་དུ་འགྲོ་ཉེན་ཆེ་བས་ཚང་མས་མཉམ་འཇོག་བྱེད་དགོས་ངེས་རེད། ད་དུང་དགེ་རྒན་གྱིས་སློབ་མར་བརྩི་བཀུར་བྱེད་དགོས་པ་མ་ཟད། སློབ་མ་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དགའ་སྣང་དག་ལ་བསྔགས་བརྗོད་བྱེད་མཁས་པོ་བྱེད་དགོས། འདིའི་ཐད་ནས་མི་ནི་གཞན་གྱི་བསྔགས་བརྗོད་ལ་དགའ་བ་དང་ཁྱད་པརདུ་བྱིས་པ་དང་ན་གཞོན་ནི་རང་གི་དགེ་རྒན་དང་ཕ་མའི་བསྔགས་བརྗོད་ལ་ཧ་ཅང་དགའ་བའི་ཁྱད་ཆོས་ལྡན་པས། དོན་དངོས་ཀྱི་ཁྱད་ཆོས་དེར་གཞིགས་ནས་བསྟོད་བསྔགས་འོས་ཤིང་འཚམས་པ་གཏོང་དགོས། མདོར་ན། དགེ་སློབ་དབར་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་དགེ་རྒན་ལ་སློབ་ཕྲུག་ཚོའི་དགའ་ཞེན་དང་། དད་གུས། ཡིད་ཆེས་སོགས་རང་བཞིན་དུ་ཐོབ་སྟེ་དགེ་རྒན་གང་དེའི་སློབ་ཚན་ཉན་འདོད་ཤིན་ཏུ་ཆེན་པོ་བྱེད་པས་སློབ་ཁྲིད་ཀྱི་ཕན་འབྲས་ཀྱང་ཧ་ཅང་ལེགས་པོ་ཐོན་ངེས་སོ།

    གསུམ་པ། ཁྲིད་ཐབས་ལ་ཞིབ་འཇུག་བྱེད་དགོས།

    བོད་ལའང་སྔོན་བྱོན་མཁས་པའི་སློབ་ཁྲིད་བྱ་ཐབས་ཀྱི་ཉམས་མྱོང་མང་པོ་ཡོད་པ་རྣམས་ས་སྐྱ་པཎ་ཆེན་གྱིས་མཛད་པའི《མཁས་པ་འཇུག་པའི་སྒོར》གསལ་བཤད་རྒྱས་པར་གནང་ཡོད་པ་ལས་འདིར་སྐབས་སུ་བབས་པའི་ནང་དོན་མདོར་ཙམ་ཞུས་ན། “གཞུང་དོན་དངོས་གཞི་མ་འཆད་གོང་དུ་སྔོན་འགྲོ་ལ་གཞུང་དེའི་དགོས་དོན་དང་དམིགས་ཡུལ་བཤད་ནས་ཉན་པ་པོ་རྣམས་གཞུང་དོན་རགས་རིམ་ཁོང་དུ་ཆུད་ཐབས་བྱེད་དགོས་པ་དང་། དེ་རྗེས་གཞུང་དོན་དངོས་གཞི་འཆད་སྐབས་བཤད་ཚུལ་མ་ལེགས་པའི་སྐྱོན་བཅུ་གསུམ་ཡོད་པ་དེ་དག་སྤངས་དགོས་པ་སྟེ། དེ་ཡང་མ་བཤད་པའི་སྐྱོན་དང་། ལེགས་པར་མ་བཤད་པའི་སྐྱོན། ཕྱིན་ཅི་ལོག་ཏུ་བཤད་པའི་སྐྱོན། ཐེ་ཚོམ་དང་བཅས་ཏེ་བཤད་པའི་སྐྱོན། དཀའ་སར་གཡོལ་ནས་སླ་སར་སྤྲོས་བཤད་བྱེད་པའི་སྐྱོན། གོ་རིམ་མེད་པར་བཤད་པའི་སྐྱོན། སྐབས་སུ་མ་བབས་པར་བཤད་པའི་སྐྱོན། འབྲེལ་མ་ཆགས་པར་བཤད་པའི་སྐྱོན། རང་ཚིག་སྔ་ཕྱི་འགལ་བའི་སྐྱོན་དང་དོན་ལ་ལྡབ་སྐྱོར་མང་བའི་སྐྱོན། གཞུང་དོན་ཕན་ཚུན་འདྲེས་པའི་སྐྱོན། ཚིག་ཧ་ཅང་མྱུར་བའི་སྐྱོན། ཚིག་ཧ་ཅང་དལ་དྲགས་པའི་སྐྱོན་བཅས་བཅུགསུམ་པོ་དེ་དག་སྤངས་ནས་བྱ་ཐབས་ཡང་དག་པ་རྣམས་ཁོང་དུ་ཆུད་པ་བྱ་དགོས། ད་དུང་དེའི་ཐོག་ཚིག་དོན་ངེས་པའི་སྒྲུབ་བྱེད། ཡིད་ཆེས་པའི་གཏམ་རྒྱུད་དང་ལུང་། གོ་བདེ་བའི་དཔེ། བློ་སྒོ་འབྱེད་བྱེད་ཀྱི་དོགས་སློང་དང་། བགྲོ་གླེང་། གཉིད་རྨུགས་སེལ་བའི་གཏམ་རྒྱུད་བཅས་ཀྱི་སྒོ་ནས་སློབ་ཁྲིད་བྱེད་དགོས་པ་དེང་གི་སློབ་ཁྲིད་བྱ་ཐབས་བཟང་པོ་ཞིག་ཅི་ལ་མིན། དེ་མིན་པར“གླུ་བརྒྱ་ངག་གཅིག” གི་སློབ་ཁྲིད་བྱེད་སྟངས་དེས་སློབ་མའི་སློབ་སྦྱོང་གི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐྱེད་སྲིང་བྱ་མི་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ། སློབ་མར་སུན་སྣང་སྟེར་སྲིད་པ་དང་ཐ་ན་སློབ་སྦྱོང་གི་སྤྲོ་སྣང་ཡང་ཉམས་སྲིད། དེ་བས་དགེ་རྒན་གྱིས་ངེས་པར་དུ་སློབ་ཚན་གྱི་ནང་དོན་དང་ལས་འགན། ཁྱད་ཆོས་གཞིར་བྱས་ནས་སློབ་ཐུན་དེའི་ནང་ཁྲིད་རྒྱུའི་སློབ་ཚན་དེ་ཤེས་བྱ་རིགས་གང་དུ་གཏོགས་པ་དང་། རྣམ་པ་ཇི་འདྲ་ཡིན་པ། ཁྲིད་ཐབས་གང་འདྲ་བཀོལ་འོས་པ་སོགས་བསམ་བློ་བཏང་སྟེ། འོས་འཚམ་གྱི་ཁྲིད་ཐབས་བདམས་ཏེ་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱ་དགོས་པའི་ཐད་བསམ་བློའི་སྐྱ་ཐིག་ཞིག་འགོད་དགོས། དེའང“ཁྲིད་ཐབས་ལ་རིགས་དང་རྣམ་པའི་སྒོ་ནས་དབྱེ་ན་སྐད་ཆའི་བརྒྱུད་སྤྲོད་གཙོ་རུ་འཇོག་པ་དང་། ཐད་མཐོང་ཤེས་ཚོར་གཙོ་བོར་འཇོག་པ། དོན་དངོས་སྦྱོང་བརྡར་གཙོ་བོར་འཇོག་པ”སོགས་་ཡོད། ང་ཚོ་སློབ་ཆུང་དགེ་རྒན་གྱིས་སློབ་ཁྲིད་བྱ་ཡུལ་ནི་ལོ་ན་ཆུང་བའི་བྱིས་པ་ཡིན་པས། སློབ་ཕྲུག་ཆུང་ཆུང་དེ་ཚོའི་ངོས་ནས་གླེང་ན། སློབ་སྦྱོང་ལ་བསམ་བློ་འཇོག་ཡུན་ཐུང་བ་དང་། བསམ་གཞིག་དང་། དང་ལེན། ཐག་གཅོད་སོགས་ཀྱིས་ནུས་པ་ཞན་པས་རྩ་བའི་ཁྱད་ཆོས་དེ་ཚོར་གཞིགས་ཏེ་ཁྲིད་ཡུན་རིང་བའི་འཆར་འགོད་གནང་མི་རུང་བར། ཁོ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་་གང་ཐུབ་དང། སྤྲོ་སྐྱིད་ལྡན་ལ་བློ་སྒོ་འབྱེད་པ། ཁ་མིག་ལག་གསུམ་ཚང་མ་སྒུལ་རྒྱུ་ཡོད་པ། དཔེར་ན་བོད་སྐད་ཡིག་སློབ་ཚན་ངོས་ནས་གླེང་ན། “སྐད་ཡིག་གི་འབྲི། ཀློག འཆད། ཉན་བཞི་ཕྱོགས་ཚང་མར་མཐོང་ཆེན་གཅིག་མཚུངས་བྱས་ཏེ་ཉན་ཀློག་བརྒྱུད་ནས་བཤད་འབྲི་སྦྱོང་དུ་བཅུག་པ་དང་། འཆད་འབྲིར་བརྟེན་ནས་ཉན་ཀློག་ལ་སྐུལ་འདེད་བྱས་ཐོག་ཉན་བཤད་ཀློག་འབྲི་ཕྱོགས་བཞི་ཀའི་འཇོན་ཐང་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་འགོད་དགོས།”

    དེ་ལྟར་སློབ་ཐུན་རེ་རེ་དང་། སློབ་ཚན་རེ་རེ། སྡེ་ཚན་རེ་རེ་བཞིན་རྒྱུན་མཐུད་ཀྱིས་གྲ་སྒྲིག་དང་འཆར་འགོད་གནང་ཚེ། སློབ་ཁྲིད་ལ་ཕན་འབྲས་བཟང་པོ་ཞིག་ཐོན་ངེས་ལ། དགེ་རྒན་རང་ངོས་ཀྱི་ཤེས་བྱའང་གོང་མཐོར་འགྲོ་ངེས་ལགས་སོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།