ཉེ་བའི་ལོའི་ནང་། སློབ་གཉེར་བྱ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སློབ་གྲྭ་ཁག་གི་མཁྲེགས་ཆས་དང་མཉེན་ཆས་ཀྱང་རིམ་བཞིན་ཚད་ལྡན་ཅན་དུ་འགྱུར་བཞིན་ཡོད་ལ། སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མིག་མཐོང་ལག་ཟིན་ཡིན་པ་མ་ཟད། ལྷག་པར་དུ་རྒྱ་བོད་རྩིས་གསུམ་དང་དབྱིན་ཡིག་གི་སློབ་ཁྲིད་འཐུས་སྒོ་ཚང་ལ་སློབ་ཁྲིད་ལ་གཞོལ་བའི་དགེ་རྒན་དཔུང་ཁག་གི་སྟོབས་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད། འོན་ཀྱང་། ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཁ་ཤས་ཀྱི་ཕྱོགས་བསྡུས་སློབ་ཚན་སློབ་ཁྲིད་བྱེད་སྟངས་དེ་ད་དུང་ཅུང་ཟད་རྗེས་ལུས་ཡིན་པ་སོགས་ཀྱི་་སྣང་ཚུལ་ཐོན་བཞིན་ཡོད་པས་ན། གཤམ་ལ་སྣང་ཚུལ་དེ་དག་ཇི་ལྟར་བྱས་ཏེ་ཁྱད་བསད་ཀྱིས་ཕྱོགས་བསྡུས་སློབ་ཁྲིད་བྱེད་སྟངས་དེ་དེང་དུས་ཀྱི་སློབ་ཁྲིད་བྱེད་ཕྱོགས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་པའི་སྐོར་རང་གི་བསམ་ཚུལ་རེ་གཉིས་གླེང་བར་བྱ་བ་ལ།
གཅིག ཕྱོགས་བསྡུས་སློབ་ཚན་དེར་གཙོ་བོའི་སློབ་ཚན་དང་ལྟ་སྟངས་གཅིག་མཚུངས་འཛིན་དགོས།
སློབ་མ་རྣམས་ཁྱོན་ཡོངས་ནས་ཡར་རྒྱས་དང་ཁོ་ཚོའི་ཁྱོན་ཡོངས་ཀྱི་རྨང་གཞི་ཡག་པོ་ཞིག་ཡོང་བ་བྱེད་དགོས་ན། རྒྱ་བོད་རྩིས་གསུམ་ཁོ་ན་ལེགས་པོ་ཡོད་པ་ཙམ་གྱིས་མི་འགྲིག་པར་ཕྱོགས་བསྡུས་སློབ་ཚན་གྱི་སློབ་ཁྲིད་ལའང་ཤུགས་སྣོན་བརྒྱབ་ནས་ཁྱོན་ཡོངས་ཀྱི་སློབ་གསོ་དོ་སྙོམས་ཡོང་ཐབས་བྱེད་དགོས་པས་ན། སློབ་གྲྭའམ་སློབ་ཁྲིད་བྱེད་མཁན་ཚང་མས་ཕྱོགས་གཅིག་ནས་སློབ་ཁྲིད་ལ་ཕྱོགས་རིས་མི་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཕྱོགས་བསྡུས་སློབ་ཚན་སློབ་ཁྲིད་བྱེད་སྐབས་དེར་སྣང་ཆུང་གིས་གནད་ཆེ་སར་རྟགས་རྒྱག་པ་དང་བསྐྱར་སྦྱོང་དྲི་གཞི་བཏོན་ནས་ངག་རྒྱུགས་ལེན་པ་ཙམ་མིན་པར། སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སློབ་མར་ལག་ལེན་དངོས་ཀྱི་སྦྱོང་བརྡར་སྤྲོད་པ་དང་། བསམ་གཞིགས་ནུས་པའི་སྦྱོང་བརྡར་བྱེད་པ། རིག་སྟོབས་འཕེལ་བའི་བློ་སྒོ་འབྱེད་པ་སོགས་གཙོ་བོའི་སློབ་ཚན་ལྟ་བུར་དམ་འཛིན་བྱས་ནས་རྒྱུན་དུ་བྱ་ཐབས་སྣ་ཚོགས་ཀྱིས་སློབ་ཁྲིད་བྱས་ན་གཙོ་བོའི་སློབ་ཚན་ལྟ་བུའི་འབྲས་བུ་ཐོབ་ཐུབ་ལ་སློབ་མའི་ཁྱོན་ཡོངས་ཀྱི་ཆུ་ཚད་ཀྱང་མཐོ་རུ་འགྲོ་ཐུབ།
གཉིས། བྱང་ཆུབ་པ་དང་ཆེད་ལས་ཅན་གྱི་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་གསོ་སྐྱོང་བྱེད་དགོས།
ཞིང་འབྲོག་ཁུལ་དུ་ཕྱོགས་བསྡུས་སློབ་ཚན་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དཀོན་ལ། བྱང་ཆུབ་པའི་ངང་ཕྱོགས་བསྡུས་སློབ་ཚན་སློབ་ཁྲིད་བྱེད་མཁན་གྱི་ཆེད་ལས་དགེ་རྒན་དེ་བས་དཀོན་པས་ན། སློབ་མ་ཕལ་ཆེ་བའི་ཕྱོགས་བསྡུས་སློབ་ཚན་གྱི་སྦྱངས་འབྲས་ཞན་པར་གྱུར། དེར་བརྟེན། སློབ་མའི་ཕྱོགས་བསྡུས་སློབ་ཚན་གྱི་སྦྱངས་འབྲས་མཐོར་འདེགས་ཐུབ་ཕྱིར། ཐོག་མར་ཕྱོགས་བསྡུས་སློབ་ཚན་སློབ་ཁྲིད་བྱེད་མཁན་དགེ་རྒན་གྱི་ལས་སྒོའི་ཆུ་ཚད་གོང་མཐོར་གཏོང་དགོས། རིམ་ཁག་སློབ་གསོའི་སྡེ་ཚན་དང་སློབ་གྲྭ་ཁག་གིས་ཕྱོགས་བསྡུས་སློབ་ཚན་སློབ་ཁྲིད་བྱེད་མཁན་དགེ་རྒན་གྱི་ཆེད་སྦྱོང་དང་ཟབ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་ནས་བྱང་ཆུབ་ལ་ཆེད་ལས་ཅན་གྱི་ཕྱོགས་བསྡུས་སློབ་ཚན་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་གསོ་སྐྱོང་བྱེད་དགོས། དེ་ལྟར་བྱུང་ན། ཕྱོགས་བསྡུས་སློབ་ཚན་གྱི་སློབ་ཁྲིད་སྤུས་ཚད་དེ་ཡང་གཙོ་བོའི་སློབ་ཚན་ལྟ་བུའི་ཚད་གཞིར་སོན་ཏེ་སློབ་མའི་ཁྱོན་ཡོངས་ཀྱི་སྦྱངས་འབྲས་གོང་མཐོར་འགྲོ་རྒྱུར་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཐུབ།
གསུམ། སྒྲིག་ཆས་བཀོལ་སྤྱོད་ལུགས་མཐུན་བྱས་ཏེ་སློབ་མས་ཐད་མཐོང་སློབ་གསོ་མྱོང་ཐུབ་པ་བྱེད་དགོས།
དེང་གི་དུས་འདིར་བྱང་ཚད་སློབ་གསོ་སྒོ་ཀུན་ནས་ཁྱབ་གདལ་བཏང་དང་གཏོང་མུས་ཡིན་པས་ན། གོང་རིམ་འབྲེལ་ཡོད་ཚན་པ་ནས་སློབ་གྲྭ་ཁག་གི་མཁྲེགས་ཆས་སྤྱི་དང་། ཡང་སྒོས་སུ་སློབ་ཁྲིད་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། སློབ་གྲྭ་ཁག་གི་སློབ་ཁྲིད་ཀྱི་སྒྲིག་ཆས་ཀྱང་ཚད་ལྡན་ཅན་དུ་འགྱུར་བཞིན་ཡོད། འོན་ཀྱང་མིག་སྔའི་ཆར། སློབ་ཁྲིད་ཀྱི་སྒྲིག་ཆས་དེ་དག་སློབ་ཁྲིད་དངོས་ཀྱི་ནང་བཀོལ་སྤྱོད་ལེགས་པོ་མི་བྱེད་པའམ་བཀོལ་སྤྱོད་བྱེད་རྒྱུ་ཉུང་དྲགས་པས་ན། རང་ཅག་བོད་ཀྱི་གཏམ་དཔེར། བྲེ་སྲང་ལོགས་ལ་ཡོད་ཀྱང་མར་ལ་སྤོམ་ཚོད་ཅེས་པ་ལྟར་གྱུར་ནས། དེས་སློབ་ཁྲིད་ལ་གཞོགས་འདེགས་མི་ཐུབ་པ་མ་ཟད། སློབ་མས་ལག་ལེན་དངོས་ནས་ཤེས་བྱ་ཐོབ་མི་ཐུབ་པ། དཔེར་ན། སློབ་གྲྭ་ཁག་གི་ནང་། གློག་ཀླད་ཁང་དང་ཚན་རིག་ཚོད་ལྟ་ཁང་སོགས་ཁང་ཁ་ཤས་ཡོད་ཀྱང་། དེ་དག་བཀོལ་སྤྱོད་ལེགས་པོ་དང་བཀོལ་སྤྱོད་འོས་འཚམ་བྱ་རྒྱུ་མ་བྱུང་བས། སློབ་མས་ལག་པ་འགུལ་ནས་སྦྱོང་བརྡར་བྱེད་པའི་ནུས་པ་གསོ་སྐྱོང་བྱེད་མི་ཐུབ་པར་གྱུར། དེར་བརྟེན། སློབ་གྲྭ་ཁག་གིས་རང་གི་ད་ཡོད་ཀྱི་ཁང་ཁག་གི་སྒྲིག་ཆས་རྣམས་བཀོལ་སྤྱོད་ལེགས་པོ་དང་བཀོལ་སྤྱོད་འོས་འཚམ་བྱས་ཏེ་ཐད་མཐོང་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཚེ། དེས་སློབ་མའི་སློབ་སྦྱོང་གི་དགའ་སྣང་གསོ་སྐྱོང་བྱ་རྒྱུར་ནུས་པ་ཐོན་ནས་སློབ་ཁྲིད་ཀྱི་སྦྱངས་འབྲས་ཇེ་ལེགས་སུ་འགྲོ་ཐུབ
མདོར་ན། རྟ་གཅིག་དགོས་ན་རྟེའུ་དང་མི་གཅིག་དགོས་ན་ཆུང་ནས་གསོ་ཞེས་པའི་དཔེ་ལྟར། སློབ་མ་རྣམས་ཀྱིས་ཆུང་བྱིས་པའི་དུས་ནས་ཕྱོགས་ཚང་མའི་ཤེས་བྱ་ཐོབ་པའི་ཕྱིར། ཕྱོགས་ཡོངས་ནས་སྦྱོང་བརྡར་མང་ཙམ་བྱེད་པ་དང་། ལྷག་པར་དུ་ཕྱོགས་བསྡུས་སློབ་ཚན་གྱི་སློབ་ཁྲིད་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་གཙོ་བོའི་སློབ་ཚན་ལྟ་བུར་གཙིགས་ཆེར་འཛིན་པ་དང་གཅིག ཕྱོགས་བསྡུས་སློབ་ཚན་སློབ་ཁྲིད་བྱེད་མཁན་གྱི་བྱང་ཆུབ་པའི་ཆེད་ལས་དགེ་རྒན་གསོ་སྐྱོང་བྱེད་པ་དང་གཉིས། ཁང་ཁག་གི་སྒྲིག་ཆས་རྣམས་བཀོལ་སྤྱོད་ལེགས་པོ་དང་ལུགས་མཐུན་བྱས་ནས་ཐད་མཐོང་གི་བྱ་ཐབས་ལ་བརྟེན་ནས་སློབ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་གསུམ་བཅས་བྱུང་ནས་སློབ་གྲྭ་ཁག་གི་ཁྱོན་ཡོངས་ཀྱི་སློབ་ཁྲིད་སྤུས་ཚད་གོང་མཐོར་འགྲོ་ཐུབ་ངེས་ཡིན།