དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དྲན་གདུང་ཡིད་ཀྱི་མེ་ལྕེ། 

  • ཡོང་ཁུངས།  ​ཀྲུང་གོའི་བོད་ཀྱི་གསར་འགྱུརདྲ་བ།   |     རྩོམ་པ་པོ།  ​ ཕུར་བཀྲ།   |     སྤེལ་དུས།  2015-04-19

    ཡུལ་ཁ་བ་ཅན་གྱི་ཞིང་ཁམས་སུ། །

    རླབས་ཆེ་བའི་སྐྱེས་བུ་མང་འཁྲུངས་ཀྱང་། །

    རྗེ་མི་ལའི་རྣམ་ཐར་ཐོས་ཙ་ན། །

    ཡིད་མི་དད་བུ་ཞིག་ཡོད་རེ་སྐན། །

    ལས་དང་པོ་འཇིག་རྟེན་མི་ཡུལ་ན། །

    ཕ་དྲིན་ཅན་བསགས་པ་བཟང་པོ་ཡིས། །

    མགོ་གཡུ་རལ་ཤིག་སེ་ཁྱིམ་གཞིས་ན། །

    ནང་ཕ་མ་འཛོམས་ཤིང་ཕུ་ནུ་ལྡན། །

    ཕྱི་ནང་ལ་དགོས་པ་ཀུན་འཛོམས་ཡོད། །

    དུས་མི་འགྱངས་རྐྱེན་ངན་དྲག་ཆར་གྱིས། །

    ཕ་བཟང་པོ་འཆི་བདག་གཤིན་རྗེས་འཁྲིད། །

    ངོ་སྐྱོ་དུས་ཁྱི་ཡིས་རྨུགས་ཞེས་ལྟར། །

    ཉེ་ཨ་ཁུ་ཨ་ནེས་གཙོ་བྱས་པས། །

    ཁོང་མ་སྨད་མནར་གཅོད་ཚད་མེད་བཏང་། །

    ལུས་སེམས་པ་སྡུག་ལ་སྦྱར་བ་གང་། །

    ཕྱི་ནང་གི་རྒྱུ་ནོར་ཡོད་ཚད་འཕྲོག །

    དུས་དེ་ནས་མ་རྒན་བཀའ་མངགས་བཞིན། །

    མཐུ་མན་ངག་དཀའ་བས་སྦྱངས་པ་ཡིས། །

    ངར་ཐག་ཆོད་དགྲ་ཤ་པང་དུ་བླངས། །

    སྡིག་ཆེན་པོའི་བྱ་བ་ཡིད་ལ་འཁོར། །

    བློ་འགྱུར་མེད་བླ་མའི་ཞབས་ལ་གཏུག །

    དྲིན་བླ་མས་སློབ་བུ་བརྟག་པའི་ཕྱིར། །

    ལུས་སེམས་ལ་དཀའ་བ་སྤྱོད་དུ་བཅུག །

    བློ་ངན་རྟོགས་ཡིད་ལ་མ་སྐྱེས་པར། །

    དོན་དམ་པའི་སྙིང་སྟོབས་ཆེན་པོ་ཡིས། །

    དྲིན་བླ་མའི་བཀའ་གསུང་སྤྱི་བོས་བླངས། །

    ཡུལ་དབེན་པ་འགྲིམས་ཏེ་ཉམས་རྟོགས་འཆར། །

    མང་སློབ་བུ་རྣམས་ལ་ཆོས་འཁོར་བསྐོར། །

    ཆོས་འོད་ཟེར་གངས་རིའི་དབུས་ལ་འཕྲོས། །

    མཐར་འགྲོ་བ་ཡོངས་ཀྱི་སྡུག་བསྔལ་སེལ། །

    ཉམ་ཐག་པའི་བུ་ཆུང་བློ་དམན་ངས། །

    རྗེ་ཁྱེད་ཀྱི་མཚུངས་མེད་བློ་སྟོབས་གཅིག །

    སེམས་དཀར་པོའི་ལྷག་བསམ་སྙིང་སྟོབས་གཉིས། །

    མཐའ་མེད་པའི་མཛད་འཕྲིན་རླབས་ཆེན་སོགས། །

    སྙན་རྣ་བའི་བཅུད་དུ་གྱུར་བའི་ཚེ། །

    དྲན་ཆེ་བའི་མེ་ལྕེ་ཡིད་ན་འབར། །

    རྗེ་ཁྱེད་ཉིད་དགེ་བའི་ཡོན་ཏན་ཀུན། །

    སེམས་རྒྱུད་ན་ཇི་བཞིན་སྦྱར་ཐུབ་ན། །

    རྟེན་ལན་གཅིག་དལ་འབྱོར་མི་ལུས་འདི། །

    རབ་སྙིང་པོས་ཕྱུག་ངེས་ཨེ་མ་ཧོ། །

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།