དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ང་དང་སྙན་ངག་གི་ལྷ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ སྤེན་ཚེ་གཞོན་པ།   |     སྤེལ་དུས།  2015-04-19

    སྙན་ངག་གི་ལྷ་མོ། སྔོན་བསགས་བག་ཆགས་བྱེ་བའི་མཐུ་ལས། ཁྱེད་དང་ངེད་གཉིས་མཉམ་གཤིབ་ཀྱི་སྐལ་བཟང་ཤར།

    སྙན་ངག་གི་ལྷ་མོ། ཁྱེད་ཉིད་དང་འཕྲད་པས། བདག་གི་འཚོ་བར་འཇའ་ཚོན་གྱི་མཛེས་རིས་བཞིན་མཛེས་སྡུག་གི་རྒྱན་ཆས་ཕྱུག་ལ། བདག་གི་སེམས་ཀྱི་ཟབ་ས་ཡི་འབྱོར་པ་རྣམ་ཐོས་སྲས་ཀྱི་བང་མཛོད་ལ་འགྲན།

    སྙན་ངག་གི་ལྷ་མོ། ཁྱེད་ཉིད་ཡོད་པས། བདག་ལ་ཉིན་མཚན་དུས་དྲུག་དབྱངས་ཅན་ངག་གི་འགྱུར་ཁུག་གིས་ཕྱུག་པའི་གདངས་དབྱངས་སྙན་མོ་རྣ་བའི་དཔལ་དུ་གང་འདོད་དུ་བསུ་ཆོག

    སྙན་ངག་གི་ལྷ་མོ། ཁྱེད་ནི་འབྱུང་བཞི་འཁྲུག་པ་ལས་བྱུང་བའི། བདག་གི་ལུས་ཀྱི་དོན་ལྔ་སྣོད་དྲུག་ལ་གཙེས་པའི་ནད་ངན་གྱི་གཉེན་པོ། སྨན་མཆོག་རིན་ཆེན་རིལ་བུ་དེ་ཡིན།

    སྙན་ངག་གི་ལྷ་མོ། ཁྱེད་ནི་གྲང་ངར་གྱིས་གཙེས་པའི་དགུན་དུས་ཀྱི་བདག་གི་མེ་ཐབ་དེ་ཡིན་ལ། ཚ་གདུང་སེལ་བྱེད་ཀྱི་དབྱར་གྱི་བསིལ་རླུང་འཇམ་པོ་དེ་ཡིན།

    སྙན་ངག་གི་ལྷ་མོ། ཁྱེད་ནི་བདག་གི་ལུས་ཁམས་འཚོ་བྱེད་ཀྱི་མཁའ་རླུང་སོས་པ་དེ་ཡིན་ལ། ལུས་ཟུངས་སྐྱེད་བྱེད་ཀྱི་ཟུངས་ཁྲག་དྭངས་མ་དེ་ཡིན།

    སྙན་ངག་གི་ལྷ་མོ། ཁྱེད་ནི་བདག་གི་དགའ་དུས་ཀྱི་སྙིང་གཏམ་ཤོད་ས་དེ་ཡིན་ལ། སྐྱོ་དུས་ཀྱི་མིག་ཆུ་བཞུར་ས་ཡང་ཁྱེད་ཉིད་ཡིན།

    སྙན་ངག་གི་ལྷ་མོ། ཁྱེད་ནི་བདག་གི་ཁེར་རྐྱང་སྐབས་ཀྱི་འདུག་གྲོགས་དེ་ཡིན་ལ། སེམས་ཀྱི་གསང་བ་ཡོད་ཚད་གླེང་ཡུལ་ཡང་ཁྱེད་ཁོ་ན་ཡིན།

    སྙན་ངག་གི་ལྷ་མོ། ཁྱེད་ནི་བདག་གི་ཉིན་དཀར་གྱི་འཚོ་བའི་བརྗོད་བྱ་དེ་ཡིན་ལ། མཚན་དགུང་གི་རྨི་ལམ་བརྐུ་མཁན་གྱི་རྐུན་མ་དེ་ཡང་ཡིན།

    སྙན་ངག་གི་ལྷ་མོ། མི་སེམས་ཀྱི་དྲི་མ་ཡལ་བའི་སྙིགས་དུས་འདིར། ངའི་སེམས་ནང་དུས་རྟག་ཏུ་ཁྱེད་ཉིད་གནས་ཡོད་ལ། ངའི་སེམས་པའི་རྒྱབ་རྟེན་བཅོལ་ཡུལ་ཡང་ཁྱེད་ཉིད་ཡིན།

    སྙན་ངག་གི་ལྷ་མོ། ངས་ཁྱེད་ལ་བརྟེན་ནས། འཇིག་རྟེན་གྱི་ངོ་མཚར་མཛེས་སྡུག་ཐམས་ཅད་གསོན་པོར་བཤམས་ཆོག་ལ། འཇིག་རྟེན་འདིའི་མི་གཙང་ལྗན་ལྗིན་དག་ལ་བྱི་དོར་གཙང་མར་བྱེད་ནུས།

    སྙན་ངག་གི་ལྷ་མོ། ངས་ཁྱེད་ལ་བརྟེན་ནས། འདས་སོང་གི་ལོ་ཟླའི་རྐང་རྗེས་རི་མོར་འགོད་ཆོག་ལ། རེ་བས་ཁེངས་པའི་སང་ཉིན་ཡང་གླེང་ཆོག

    སྙན་ངག་གི་ལྷ་མོ། བདག་ཉིད་ཁྱོད་ལ་དབང་བས། བདག་གི་ལས་དབང་གི་གསེར་ཐག ཁྱེད་དང་མཉམ་དུ་དམ་པོར་སྦྲེལ་ཡོད།

    མདོར་ན། བདག་གི་ཚེ་ཡི་རྒྱུན་ཐག་མ་ཆད་བར་དུ། ཡ་ཆུང་སེམས་ཀྱི་དབུས་ནས་ཁྱེད་ལ་བཅངས་པའི་བརྩེ་བ་དང་། དུང་བ་མི་ལྷོད་པར་ཇི་སྲིད་བར་དུ་བསྲིང་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།