སྤྱང་ལུག་བརྒྱ་བཟས་ན་འཆི་ལྟས།
མདའ་ཟེར་ཁ་ལངས་ན་ཆག་ལྟས།
སྤྲང་ཕྲུག་གསོས་ནས་བུ་རྒྱུད་མི་ཡོང་།
སྤྱང་ཀི་གསོས་ནས་སྒོ་ཁྱི་མི་ཉན།
ཕོ་ཡ་རབས་མ་རབས་སྤྱོད་པས་ཤེས།
ཡུལ་ས་ཕྱོགས་གང་ཡིན་སྐད་ཀྱིས་ཤེས།
ཕོ་རོག་གཟབ་མཆོར་སྤྲས་ནའང་།
མཛེས་པའི་རྨ་བྱར་འགྱུར་མི་སྲིད།
ཕྱི་གོས་ཆེན་རྩམ་ཁུག །
ནང་སྦང་མའི་རྩམ་པ།
བུ་དཔའ་བོ་སློག་ཧྲུལ་སྦུག་ཏུ་ཡོད།
མཚོན་རྣོན་པོ་ཀོ་ཤུབས་ནང་ན་ཡོད།
བུང་བར་མེ་ཏོག་འཚོལ་བ་དང་།
ངང་པར་ཆུ་རྐྱལ་བསླབ་མི་དགོས།
བྱ་ཁྭ་ཏས་ཏག་ཏག་ཟེར་བ་འདི།
ཡུལ་འདི་ན་མི་སྡོད་ཟེར་མི་རེད།
བྱིའུ་ཆུང་གསུང་སྐད་སྙན་ཡང་།
སྐུ་ཤ་རྒྱ་སྲང་དོ་རེད།
བྱེ་མའི་ཆངས་བུ་ཞིག་པ་དེ།
བྱེད་པོ་གཞན་ལ་བལྟོས་མི་དགོས།
འབྲུག་ངར་སྐད་ཆེ་ན་ཐང་རྟགས།
དགྲ་ཁ་བཙན་ཆེ་ན་འགྲིག་རྟགས།
འབྲུག་འུར་སྒྲ་ཆེ་ཡང་སྟོང་པ་ཡིན།
འཇའ་ཁ་དོག་ལེགས་ཀྱང་ཡལ་ནས་འགྲོ།
འབྲོང་བྲེ་སེར་ཁལ་འཁྱེར་ཡོང་བ་མིན།
སྟག་དམར་ཡག་སྒོ་ཁྱི་ཡོང་བ་མིན།
མར་མེ་གཟིམས་ཁར་འོད་ཆེ།
བསོད་ནམས་ཟད་ཁར་འུར་ཆེ།
མི་སྒུར་པོར་བསམ་པ་དྲང་པོ།
དུང་དཀར་པོའི་ཁོག་པ་འཁྱོག་པོ།
མི་བློ་ཉེས་ཁར་རྒོད་ཡར་ཡར།
རྟ་བློ་ཉེས་ཁར་འཚུབ་ཡར་ཡར།