དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཀྱིས་སྨན་བཅོས་ཚན་པ་དགུའི་མཐོ་གནོན་གསོ་རླུང་ཁང་འཛུགས་སྐྲུན་བྱེད་འགོ་བཙུགས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-04-09

    རང་ལྗོངས་ཀྱིས་སྔ་རྗེས་སུ།  རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་སོགས་སྨན་བཅོས་ཚན་པ་དགུའི་སྨན་བཅོས་ཐད་སྤྱོད་པའི་མཐོ་གནོན་གསོ་རླུང་ཁང་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་པ་རེད།  རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དབུ་འཛིན་གཞོན་པ་བསྟན་འཛིན་གྱིས་ངོ་སྤྲོད་གནང་བར་གཞིགས་ན།  མཐོ་གནོན་གསོ་རླུང་སྒྲིག་ཆས་ནི་གསོ་རླུང་མི་འདེང་བའི་ནད་རྟགས་སྣ་ཚོགས་ཀྱི་སྨན་བཅོས་སྒྲིག་ཆས་ཤིག་ཡིན་པ་དང་།  སྦུ་གུ་དང་ཚོད་འཛིན་མ་ལག་བརྒྱུད་གསོ་རླུང་མཁོ་འདོན་བྱེད་པ་དང་།  སྨན་པས་ལྟ་ཞིབ་སྒེའུ་ཁུང་དང་སྐད་ཆས་བརྒྱུད་ནད་པ་དང་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་པ་རེད།

    བསྟན་འཛིན་གྱིས་གསར་འགོད་པར།  རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་སྔོན་མ་ནས་མཐོ་གནོན་གསོ་རླུང་ཁང་ཡོད་ན་ཡང་རྒྱ་ཆེན་པོ་མེད་པས།  སྨན་ཁང་ནས་མ་དངུལ་སྒོར་ཁྲི་ཚོ་བརྒྱ་ལྷག་ཙམ་བཏང་སྟེ་མཐོ་གནོན་གསོ་རླུང་ཁང་དེར་བསྒྱུར་བཟོ་རྒྱས་སྐྲུན་བྱས་པ་དང་།  གཤེར་གཟུགས་གསོ་རླུང་ལས་དོན་ས་ཚིགས་ཤིག་བཙུགས་ཏེ་མཐོ་གནོན་གསོ་རླུང་ཁང་དང་ནད་སྡོད་ཁུལ་ཁག་གི་གསོ་རླུང་སྒྲིག་ཆས་ནས་གསོ་རླུང་མཁོ་འདོན་ཐུབ་པ་བྱས་ཡོད་ཅེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།  མཐོ་གནོན་གསོ་རླུང་ཁང་དེ་སོལ་རླངས་དང་མུ་ཟེ་ཆིང་འགྱུར།  རྫབ་རླངས་སོགས་གནོད་ལྡན་རླངས་པའི་དུག་ཕོག་པར་སྤྱོད་ཆོག་པ་དང་།  ལྷག་པར་དུ་ས་མཐོའི་ནད་གཞི་དང་མགོ་ཡུར་འཁོར་བ་སོགས་ཀྱི་ནད་གཞིར་ཕན་འབྲས་མངོན་གསལ་དོད་པོ་ཐོན་གྱི་ཡོད་པ་རེད།  སྤྱིར་བཏང་གི་གསོ་རླུང་རྔུབ་པ་དང་བསྡུར་ན་མཐོ་གནོན་གསོ་རླུང་གི་ཤུགས་ཚད་དེ་བས་ཆེ་བ་དང་ཕན་འབྲས་དེ་བས་ལེགས་པ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།