དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མར་གྱི་རི་བོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-02

    བུ་འབྲུག་གྲགས་ཀྱི་ཕ་ནི་མར་གྱི་མཆོད་པ་བཞེངས་རྒྱུ་དང་། ཕྱེ་མར་འབོའི་རྩེ་སྒྲོ་བཟོ་རྒྱུར་མཁས་པ་དང་། དེ་མིན་མར་ལས་གྲུབ་པའི་སྒྱུ་རྩལ་ཐོན་རྫས་སྣ་ཚོགས་བཟོ་བ་དང་། ལག་རྩལ་ཡུལ་གྲུ་དེ་ཙམ་མ་ཟད། ད་དུང་ཡུལ་གྲུ་གཞན་ལ་ཡང་སྐད་གྲགས་ཤིན་ཏུ་ཆེ།

    བུ་འབྲུག་གྲགས་ཆུང་དུས་ཀྱི་སྐབས་སུ་ཕས་རང་གི་ལག་རྩལ་ལ་བརྟེན་ནས་རང་གི་བུར་ཙི་ཙི་དང་། ཞི་མི། བྱ་དེ། བྱིའུ་སོགས་སྲོག་ཆགས་འདྲ་མིན་སྣ་ཚོགས་ཀྱི་རྩེད་ཆས་བཟོ་བ་དེ་དག་བུ་འབྲུག་གྲགས་ཀྱི་མིག་གི་ལོངས་སྤྱོད་ཞིག་ཏུ་གྱུར་བ་ཙམ་མ་ཟད། ཁོང་ལ་བརྗོད་ཀྱིས་མི་ལངས་པའི་སྤྲོ་སྣང་ཞིག་ཡོང་གི་ཡོད།

    ཉིན་ཞིག་གི་མཚན་མོར་བུ་འབྲུག་གྲགས་ལ་རྨི་ལམ་འདི་འདྲ་ཞིག་རྨིས་པ་སྟེ། ཕས་རང་ལ་ཐུན་མོང་མ་ཡིན་པའི་མར་གྱི་རི་བོང་གི་རྩེད་ཆས་ཤིག་བཟོས་ཤིང་། རྩེད་ཆས་དེ་རང་གིས་ལུས་པོ་འགུལ་ཐུབ་པ་མ་ཟད། ད་དུང་སྐད་ཆ་ཡང་ཤོད་ཤེས་པ་དང་། རང་གི་གྲོགས་པོ་བཟང་ཤོས་ཤིག་ཏུ་གྱུར་བ་རྨིས། ཉིན་གཉིས་པར་བུ་འབྲུག་གྲགས་གཉིད་ལས་སད་མ་ཐག་ཏུ་ལམ་སེང་ཕ་ལ་གདང་ནུབ་ཀྱི་རྨི་ལམ་ཆ་ཚང་བཤད་པས། ཕས་དཀའ་བ་དུ་མ་དང་དུ་བླངས་ནས་བུ་ལ་མར་གྱི་རི་བོང་གི་རྩེད་ཆས་ཤིག་བཟོས། དུས་དེ་ནས་བཟུང་བུ་འབྲུག་གྲགས་ཀྱིས་མར་གྱི་རི་བོང་དེ་རང་གི་ཉལ་ཁྲིའི་ཞོག་གི་སྒྲོག་རྩེའི་སྟེང་དུ་འཇོག་གི་ཡོད། དེ་ལྟར་དུས་ཡུན་ཟླ་བ་གཅིག་ཙམ་སོང་བའི་ཉིན་ཞིག་གི་ཞོགས་པར་མར་གྱི་རི་བོང་དེས། ཝ་ཡེ། ཝ་ཡེ། འབྲུག་གྲགས། མགྱོགས་པོ་ལོང་ཤོག ང་གཉིས་མཉམ་དུ་ཕྱི་རུ་རྩེད་མོ་རྩེ་བར་འགྲོ་ཞེས་བརྗོད་སྐབས་འབྲུག་གྲགས་རེ་ཞིག་ཧང་སངས་ནས་ཁ་ནས་སྐད་ཆ་ཡང་མི་ཐོན་པར་ལུས། དེ་དུས་མར་གྱི་རི་བོང་དེས་སླར་ཡང་འབྲུག་གྲགས་ལ། ང་གཉིས་མཉམ་དུ་ཕྱི་རུ་རྩེ་མོ་རྩེད་བར་འགྲོ་ཞེས་འབོད། ད་གཟོད་འབྲུག་གྲགས་ཀྱིས་ཡ་མཚན་དང་བཅས། འོ་ཡ། ང་གཉིས་ཕྱི་རུ་རྩེ་མོ་རྩེད་བར་འགྲོ་ཞེས་ཨ་ལན་སློག

    དུས་དེ་ནས་བཟུང་མར་གྱི་རི་བོང་དེ་འབྲུག་གྲགས་ཀྱི་གྲོགས་པོ་བཟང་པོ་ཞིག་ལ་གྱུར་ནས་ཉིན་མོ་ཕྱི་རུ་རྩེ་མོ་རྩེད་རོགས་དང་། མཚན་མོ་ཉལ་རོགས་སོགས་གཟུགས་དང་གྲིབ་བཟོ་ལྟར་དུ་ཁ་འབྲལ་ཐབས་མེད་པར་གྱུར། དུས་ཚོད་ནི་ནམ་མཁའི་སྐར་མདའ་འཁྱུག་པ་ལྟར་དེ་འདྲའི་ཧ་ཅང་འགྲོ་མགྱོགས་པས་ད་ཆ་བུ་འབྲུག་གྲགས་ནར་གསོན་ནས། འཇིག་རྟེན་མཐུན་མཇུག་གི་ལས་ལ་ཞུགས་ནས་ཕྲུ་གུ་བུ་མོ་ལྷ་ཡི་སྲས་མོ་འདྲ་བ་ཞིོག་སྐྱེས། དེ་ནས་བཟུང་མར་གྱི་རི་བོང་དེ་ཁོ་མོའི་གྲོགས་མཆོག་བཟང་པོ་ཞིག་ཏུ་གྱུར།

    འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་མར་གྱི་རི་བོང་དེ་ཉིན་རེ་ལས་མ་འདས་པར་གཟུགས་ཆུང་དུ་འགྲོ་བ་དང་། ནེམ་ནེམ་དུ་གྱུར་ནས་ཕྱིར་དོན་འདོད་དེ་ཙམ་བྱེད་ཀྱི་མེད། ཉིན་ཞིག་གནམ་གཤིས་ཚ་དྲོད་ཧ་ཅང་ཆེ་ཡང་འབྲུག་གྲགས་དང་། འབྲུག་གྲགས་ཀྱི་བུ་མོས་མར་གྱི་རི་བོང་ལ་ཕྱི་རུ་རྩེད་མོ་རྩེ་བར་འགྲོ་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས་པས། ཁོང་གཉིས་པོའི་ངོ་མ་ཆོད་པར་ཕྱིར་རྩེད་མོ་རྩེ་བར་བསྐྱོད། དེ་ནས་ཡུད་ཙམ་སོང་རྗེས་མར་གྱི་རི་བོང་གིས་ཡིད་ཧ་ཅང་སྐྱོ་བའི་ངང་ནས་ད་ཆ་འཛམ་བུ་གླིང་ཐོག་གི་སྐྱེ་བོ་ཚོས་རང་གི་མིག་མདུན་གྱི་ཁེ་ཕན་ཕྲན་བུ་རགས་ཐབས་ཀྱི་ཆེད་དུ་སའི་གོ་ལ་གཅིག་པུ་དེར་གཅེས་སྤྲས་རྩ་བ་ནས་མི་བྱེད་པར་གཏེར་ཁ་གང་བྱུང་དུ་བསྔོག་འདོན་དང་། རྩི་ཤིང་གང་བྱུང་དུ་གཅོད་པ། དེ་བཞིན་ཁོར་ཡུག་ལ་སྦགས་བཙོག་མང་པོ་བཟོ་བ། འཕྲུལ་ཆས་རིགས་བེད་སྤྱོད་མང་པོ་གཏོང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་པ་ལས། སའི་གོ་ལའི་དྲོད་ཚད་ལོ་རེ་ལས་ལོ་རེ་མ་འདས་པར་མཐོ་རུ་འགྲོ་གི་འདུག་པས། ང་འཇིག་རྟེན་མི་ཡུལ་འདིར་འཚོ་ཐབས་གཏན་ནས་མི་འདུག་ཅེས་བརྗོད་མ་ཚར་མ་ཐག མར་གྱི་རི་བོང་དེ་དེ་མ་ཉིད་དུ་མར་ཁུར་གྱུར་བས་བུ་འབྲུག་གྲགས་སེམས་སྡུག་གིས་མནར་ནས་ཕའི་སར་ཡང་བསྐྱར་མར་གྱི་རི་བོང་ཞིག་བཟོ་རོཌ་ཞེས་ཞུ་བར་བསྐྱོད། ཕས་ད་ཆ་སའི་གོ་ལའི་གནམ་གཤིས་དྲོད་ཚད་ཆེ་བས་མར་གྱི་རི་བོང་བཟོ་མི་ཐུབ། ངས་རང་གི་བུ་མོར་ཤིང་གི་རི་བོང་ཞིག་བཟོས་ཆོག ཡིན་ནའང་ནགས་ཚལ་གང་བྱུང་དུ་བཅད་པ་དང་གཏེར་ཁ་གང་བྱུང་དུ་བསྔོགས་ཚེ། ཕྱིས་འབྱུང་ཤིང་གི་རི་བོང་བཟོ་བའི་རྒྱུ་ཆའང་མེད་པར་གྱུར་སྲིད། དེས་ན་རྒྱུན་དུ་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་བྱེད་དགོས་ཞེས་བཤད།

    ཕའི་སྐད་ཆ་དེས་འབྲུག་གྲགས་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། དུས་དེ་ནས་བཟུང་འབྲུག་གྲགས་ཀྱིས་ཁོམ་པ་ཡོད་རིམ་བཞིན་བུ་མོ་འཁྲིད་དེ་འཛམ་གླིང་ས་ཕྱོགས་གང་སར་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་པར་འགྲོ་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།