དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མིག་ཤེད་སླར་གསོ་ཐུབ་པ་དེ་ལག་རྟགས་ཡག་ཤོས་ཡིན་པ། 

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།   |     སྤེལ་དུས།  2015-03-25

    སྤྱི་ལོ་2015ལོའི་ཟླ་2པའིཚེས་17ཉིན་ནི་བགྲེས་སོང་སྐལ་བཟང་སྒྲོལ་དཀར་མིག་ཤེད་སློར་གསོ་ཐུབ་ནས་ཟླ་བ་6ཕྱིན་པའི་ཉིན་མོ་ཞིག་ཡིན། དགུང་ལོ་65ལ་སོན་པའི་བགྲེས་སོང་ཁོང་གིས་རང་གི་མིག་གཉིས་པོས་དངོས་པོ་མཐོང་ཐུབ་པའི་བསམ་བློ་འཁོར་མྱོང་མེད། བགྲེས་སོང་ཁོང་མིག་ཤེད་ཉམས་ནས་ལོ་ངོ་3ཙམ་སོང་བ་དང་།  བགྲེས་སོང་ཁོང་གིས་མིག་ཤེད་སླར་གསོ་ཐུབ་པ་ནི་ངའི་ངོས་ནས་བཤད་ན་ལག་རྟགས་ཡག་ཤོས་ཡིན་ཞེས་བཤད།  བགྲེས་སོང་སྐལ་བཟང་སྒྲོལ་དཀར་ལྷ་ས་གྲོང་ཁྱེར་རྔ་ཆེན་གྲོང་ཚོར་སྡོད་ཀྱི་ཡོད། བགྲེས་སོང་ཁོང་ནི་ཆོས་པ་རྣལ་མ་ཞིག་ཡིན་པ་རེད།  ནང་མི་ཚང་མས་བགྲེས་སོང་ཁོང་གི་བུ་གཅིག་པུ་ལ་བརྟེན་ནས་འཚོ་བོ་སྐྱེལ་གྱི་ཡོད་པས་བུ་དེས་ཕྱི་ལ་ཞོར་ལས་བཙལ་ནས་ཡོང་འབབ་འཚོལ་བཞིན་མཆིས།  ལོ་3གྱི་སྔོན་ལ་བགྲེས་སོང་ཁོང་ལ་སྐྱ་འགྲིབ་ཀྱི་ནད་ཕོག་ནས་མིག་ཤེད་ཉམས།  ནང་མི་ཚོས་བགྲེས་སོང་ཁོང་ནི་ལོ་ན་རྒས་ནས་མིག་ཤེད་ཉམས་པ་རེད་སྙམ་ནས་སྨན་ཁང་དུ་ཁྲིད་མེད་པ་རེད། མིག་ཤེད་ཉམས་རྗེས་བགྲེས་སོང་སྐལ་བཟང་སྒྲོལ་དཀར་གྱི་བློ་ངོར་རང་ཉིད་ཕྱི་ལ་འཆམ་འཆམ་འགྲོ་རྒྱུ་དང་དགོན་པར་ཆོས་མཇལ་འགྲོ་རྒྱུ་སོགས་ལ་དཀའ་ཁག་ཡོང་གི་རེད་སྙམ་ནས་སེམས་ཁྲལ་ཆེན་པོ་བྱུང་བ་རེད།  སྤྱི་ལོ་2014ལོའི་ཟླ་7པའི་ཉིན་ཞིག་བགྲེས་སོང་ཁོང་གི་བུ་བསྟན་འཛིན་བརྙན་འཕྲིན་ལྟ་དུས་གསར་འགྱུར་ནང་དུ་ནང་དུ་རིན་མེད་ཀྱི་སྒོ་ནས་མིག་ནད་སྨན་བཅོས་བྱེད་ཀྱི་ཡོད་པ་ཤེས་རྗེས་དེའི་ཕྱིན་ཉིན་བགྲེས་སོང་ཁྲིད་ནས་ལྷ་ས་གྲོང་ཁྱེར་མིག་ཤེད་སླར་གསོའི་སྨན་ཁང་དུ་ཕྱིན། སྨན་ཁང་གིས་བགྲེས་སོང་ཁོང་ལ་རིན་མེད་ཐོག་ནས་སྨན་བཅོས་བྱས་པ་རེད།  

    སྐྱ་འགྲིབ་ཀྱི་ནད་འཕོག་མཁན་བགྲེས་སོང་སྐལ་བཟང་སྒྲོལ་དཀར་གཅིག་པུ་མིན། མདོ་དབུས་མཐོ་སྒང་ནི་འཛམ་གླིང་ཐོག་ལོང་བ་མང་ཤོས་ཀྱི་ས་ཆ་ཞིག་ཡིན་ལོང་བ་ཁ་ཤས་ནི་སྐྱ་འགྲིབ་ཕོག་ནས་མིག་མཐོང་རྒྱུ་མེད་པ་ཆགས་པ་རེད། བརྟག་དཔྱད་བྱས་པར་གཞིགས་ན་བོད་དུ་མི་གྲངས་14.6%སྐྱ་འགྲིབ་ཀྱི་ནད་འཕོག་བཞིན་མཆིས། སྐྱ་འགྲིབ་འཕོག་ཚད་ཀྱི་བརྒྱ་ཆ་དེ་རང་རྒྱལ་གྱི་ས་ཁུལ་གཞན་ལས་60%མང་བ་ཡོད། བོད་དུ་སྐྱ་འགྲིབ་ཕོག་ནས་མིག་མཐོང་རྒྱུ་མེད་པ་ཆགས་པ་ནི་ལོང་བ་ཆགས་པའི་རྒྱུ་རྐྱེན་དང་པོ་དེ་ཡིན།  

    ལྷ་ས་གྲོང་ཁྱེར་མིག་ཤེད་སླར་གསོའི་སྨན་ཁང་གི་སྨན་པ་བསྟན་འཛིན་རྡོ་རྗེས་མདོ་དབུས་མཐོ་སྒང་དུ་དབྱང་རླུང་ཉུང་བ་དང་། སྨུག་ཕྱིའི་འོད་ཐོག་ཤུགས་ཆེ་པོ་ཡོད། རྒྱུ་རྐྱེན་དེ་དག་ནི་སྐྱ་འགྲིབ་ཀྱི་ནད་འཕོག་མཁན་མང་བའི་རྒྱུ་མཚན་གཙོ་བོ་དེ་ཡིན་ཞེས་གསུངས། ཤེས་རྟོགས་བྱུང་བར་གཞིགས་ན་དམའ་སྲུང་དུད་ཚང་གི་དཔང་ཡིག་དང་ནད་པའི་ཐོབ་ཐང་ལག་འཁྱེར་བྱུང་ན་རིན་མེད་ཐོག་སྨན་བཅོས་བྱེད་ཀྱི་ཡོད་པ་རེད། སྐྱ་འགྲིབ་ཀྱི་ནད་བཅོས་པར་འགྲོ་དངུལ་སྒོར་1000གཏོང་དགོས་ཀྱི་ཡོད།  འགྲོ་སོང་ཕལ་མོ་ཆེ་བོད་རང་སྐྱོང་ལྗོངས་ནས་གཏོང་གི་ཡོད་ཀྱང་དགེ་ལས་སྒྲིག་འཛུགས་ནས་ཞལ་འདེབས་བརྒྱབ་སྟེ་ནད་བཅོས་མཁན་ཡང་ཡོད། 

    སེ་ར་དགོན་པ་ནི་ལྷ་སའི་དགེ་ལུགས་པའི་གདན་ས་གསུམ་གྱི་ཡ་གྱལ་ཞིག་ཡིན། བོད་ཀྱི་ལོ་གསར་གོང་དུ་སེ་ར་ཕུར་མཇལ་འཁེལ་གྱི་ཡོད་པས་སྤྱི་ལོ་2015ལོའི་ཟླ་2པའི་ཚེས་16ཉིན་གྱི་ཞོགས་པ་སྔ་པོ་ནས་བགྲེས་སོང་སྐལ་བཟང་སྒྲོལ་དཀར་དང་ནང་མི་ཚོས་ལོ་གཅིག་གི་སྡིག་སྒྲིག་དག་ཆེད་སེ་ར་དགོན་པར་རྟ་མགྲིན་གྱི་ཕུར་པ་མཇལ་བར་ཕྱིན།  བགྲེས་སོང་སྐལ་བཟང་སྒྲོལ་དཀར་གྱིས་ད་ཐེངས་ནི་རང་ཉིད་ཀྱི་མིག་དྲག་ནས་ཆོས་ལུགས་ཀྱི་བྱེད་སྒོའི་ནང་དུ་ཞུགས་ཐེངས་དང་པོ་ཡིན། ངས་སངས་རྒྱས་ཀྱི་མདུན་དུ་སྨན་པ་ཁོང་སྐུ་ཚེ་རིང་ཞིང་བདེ་ཐང་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡིན་དེ་འདྲ་བྱས་ཚེ་མིག་ཤེད་ཉམས་མཁན་གྱི་མི་མང་པོ་ནད་ལས་གྲོལ་ཐུབ་ཀྱི་རེད་ཅེས་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།