དེ་ཡང་གངས་ལྗོངས་ས་མཐོའི་ཁྱོན་དུ་དཔྱིད་དྲོད་འཕེལ་བ་དང་ལྷན་དུ་ད་ལོའི་ས་ཞིང་རྨོ་འདེབས་ཀྱི་དུས་ཚིགས་ཤར་བ་དང་། ཉེ་བའི་ལོ་ཤས་ནང་། ཞིང་ཁུལ་གྱི་ས་ཁུལ་མང་ཆེ་བར་འཕྲུལ་རྨོད་འཕྲུལ་འདེབས་ཀྱི་དར་བཟོ་ཤིན་ཏུ་ཆེ་བས་ད་ལོའི་རྨོ་འདེབས་ལ་འཐུས་ཤོར་མི་འགྲོ་བའི་ཆེད་དུ་ཞིང་དུད་ཁག་གཅིག་གིས་ཞིང་འཕྲུལ་གསར་པ་ཉོ་རྩིས་ཡོད་པ་གོར་མ་ཆག དེས་ན། ཞིང་འཕྲུལ་ཡོ་བྱད་ཉོ་སྐབས། ས་གནས་ཀྱི་རང་བྱུང་ཁོར་ཡུག་དང་དཔལ་འབྱོར་ཆུ་ཚད། ཐོན་སྐྱེད་འཚོ་བའི་དགོས་མཁོ་དངོས་ལ་གཞིགས་ནས་མ་གནས་ཆུང་ཞིང་སྤྱོད་གོ་ཆེ་བའི་རྩ་དོན་གཞིར་བཟུང་གྲགས་ཅན་ཚོང་རྟགས་དང་། སྤུས་ལེགས་ལ་རིན་གོང་ཅུང་དམའ་བ། བཀོལ་ས་མང་ལ་སྤྱོད་སླ་བ། བདག་གཅེས་ཉམས་གསོ་བྱེད་བདེ་བ་སོགས་ཀྱི་ཞིང་འཕྲུལ་ཡོ་བྱད་འདེམས་དགོས་པས་གཤམ་གྱི་དོན་ཚན་འགའི་ཐད་ཡིད་གཟབ་བྱེད་དགོས་པ་སྟེ།
1. ཉོ་བའི་ཐོན་རྫས་ལ《བཟོ་གྲྭ་ནས་ཐོན་པའི་སྤུས་ཚད་ཚད་ལྡན་འཛིན་ཡིག》དང《བེད་སྤྱོད་དང་ཉམས་གསོའི་གསལ་བཤད་ཡི་གེ》སོགས་ཡོད་མེད་ལ་ལྟ་དགོས།
2. འཕྲུལ་འཁོར་དང་མཉམ་དུ་དགོས་ངེས་ཀྱི་ཡོ་བྱད་དང་ལྷུ་ལག་ཐོལ་པ་ཆ་ཚང་ཡོད་མེད་ལ་ལྟ་དགོས་པ།
3. འཕྲུལ་འཁོར་ཐོག་གི་ལྷུ་ལག་ཆེ་རིགས་ཁག་འཐུས་ཚང་ཡིན་མིན་དང་། འགུལ་སྐྱོད་ཀྱི་ལྷུ་ལག་ཆེ་རིགས་ནུས་པ་ཚད་ལྡན་ཡོད་མེད་དང་སྐྱོན་ཤོར་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་པ།
4. སྒུལ་སྐྱོད་རྒྱུན་གཏན་ཡིན་མིན་དང་། སྣུམ་དང་ཆུ་དབུགས་བཅས་ཤོར་ཡོད་མེད་ལ་ལྟ་དགོས་པ།
5. མ་ཉོས་གོང་ས་གནས་ཀྱི་ཞིང་འཕྲུལ་དོ་དམ་སྡེ་ཚན་ལ་ཕྱིན་ནས་རང་ས་གནས་ལ་སྤྱོད་འོས་པའི་འཕྲུལ་ཆས་རིགས་གང་ཞིག་བདམས་ན་བཟང་མིན་བློ་འདྲི་བྱེད་དགོས་སོ།