མེ་ཏོག་ཅིག་གི་བཞད་སྟངས་ནི་ཚེ་སྲོག་གསར་པའི་རྐྱོང་ཤད་ཅིག་ཨེ་ཡིན། མེ་ཏོག་ཅིག་གི་ཁ་དོག་ནི་ཚེ་སྲོག་གསར་པའི་མཚར་སྡུག་དེ་ཡིན་ནམ། མེ་ཏོག་ཅིག་གི་འདབ་མ་ནི་ཚེ་སྲོག་ཅིག་གི་བཀྲག་མདངས་དེ་དང་། མེ་ཏོག་ཅིག་གི་རྒས་ཚུལ་ནི་ཚེ་སྲོག་ཅིག་གི་དར་རྒུད་ཀྱི་བརྒྱུད་རིམ་དེ་ཡིན་སྲིད་དམ། སྤང་ལ་བཞད་པའི་སྣ་ཚོགས་མེ་ཏོག་དེ་ཚོ། དབྱར་གཞུང་བུ་མོའི་མཚར་སྡུག་གོས་རྒྱན་ཡིན་ན། མེ་ཏོག་གི་རོ་བཅུད་ལ་འཁོར་བའི་རྐང་དྲུག་དང་ཕྱེ་ལེབ་དེ་ཚོ། ཚེ་སྲོག་ཅིག་གི་གཏམ་རྒྱུད་དང་འབྲེལ་བའི་ལས་དབང་གི་གར་སྟབས་ནི་ལོས་ཡིན།
མེ་ཏོག་ཅིག་གི་ཚེ་ཚད་ནི་དབྱར་ལོ་གཅིག་ཡིན་པའི་དབང་དུ་བྱས་ན། མེ་ཏོག་ཅིག་གིས་མི་སེམས་ལ་བཞག་པའི་བག་ཆགས་དེ། མི་ཚེ་གང་པོའི་ཡིད་འོང་གི་དྲན་འཆར་ཞིག་ཡིན་སྲིད།
འཇིག་རྟེན་ཟླུམ་གཟུགས་འདི་ཡི་ཐོག་མེ་ཏོག་ལ་མི་དགའ་བའི་སྐྱེ་བོ་ཞིག་ཧ་ལམ་ཡོད་མི་སྲིད་དེ། མེ་ཏོག་ནི་ནོར་འཛིན་མ་མ་མཛེས་པའི་གོས་རྒྱན་དང་། སེམས་ཀྱི་སྤྲོ་སྣང་འཕེལ་བའི་གཞི་མ་རེད། མེ་ཏོག་ནི་ཡིད་ཀྱི་སྐྱོ་སྣང་ཞི་བའི་འཕགས་མཆོག་རིལ་བུ་རེད་ལ། དྲི་འཛིན་ལམ་དུ་བསུང་ཞིམ་འཐུལ་བའི་སྨན་བཟང་བདུད་རྩི་རེད། མེ་ཏོག་ནི་སྐྱེ་བོ་ཕོ་མོའི་བར་གྱི་མཛའ་སེམས་སྤེལ་བའི་སེམས་ཀྱི་ཕོ་ཉ་རེད་ལ། ལྷག་པར་དུ་མི་རྣམས་ཀྱིས་ཞེན་ཞིང་དགའ་བའི་སྦྲང་རྩིའི་འབྱུང་གནས་ཏེ། གསེར་སྦྲང་བུང་བས་བར་མེད་རྩོལ་གྱིས་མེ་ཏོག་གི་བཅུད་ལས་བླངས་པའི་འབྲས་བུའི་ཉིང་ཁུའོ།
སྐྱེ་བོ་ལ་ལས་མེ་ཏོག་ལ་ཐང་ཤིང་ལྟར་ནུབ་པ་མེད་པའི་ཚེ་སྲོག་མེད་དུ་སེམས་ཀྱང་། མེ་ཏོག་གིས་ཚད་ཡོད་པའི་ཚེ་སྲོག་ནང་རང་གི་ཡོད་ཚད་ཐམས་ཅད་སྐྱེ་འགྲོ་ཀུན་ལ་ལེགས་སྐྱེས་སུ་ཕུལ་ཏེ། མི་ཡུལ་ལ་མཛེས་རྒྱན་དང་། འཚོ་བར་མཛེས་རྒྱན། འགྲོ་བ་ཀུན་གྱི་སེམས་ཁམས་ལ་རྫོགས་མཐའ་མེད་པའི་སྤྲོ་སྣང་ཅི་ཡང་སྦྱིན་པས། སྒེར་སེམས་མེད་པར་སྐྱེ་འགྲོའི་བདེ་བའི་ཆེད་དུ་ཕུལ་བའི་ལེགས་སྐྱེས་ནི། ཇི་ལྟར་གྱི་རླབས་ཆེ་ལ་དེ་ལྟར་གྱི་གཟི་བརྗིད་ལྡན་པ་ཞིག་ཨང་།
གལ་ཏེ་མི་ཞིག་གི་མི་ཚེ་ནི་བརྟན་སྐར་བཞིན་དུ་འགྱུར་མེད་ཡུན་དུ་གནས་རྒྱུ་མེད་ཀྱང་། སྐད་ཅིག་སེ་གོལ་ཏོག་འདྲའི་མི་ཚེའི་ནང་། མེ་ཏོག་བཞིན་དུ་གཞན་ཕན་སྐུལ་སློང་བཟང་པོས་འཇིག་རྟེན་ལ་འོད་སྣང་དང་། མི་ཡུལ་ལ་གཟི་བྱིན་སྦྱིན་ལ། ཐང་ཤིང་ལྟར་འགྱུར་མེད་ཡུན་རིང་གནས་རྒྱུ་མེད་ཀྱང་། མེ་ཏོག་བཞིན་རང་གི་ཡོད་ཚད་ཀྱི་ཡོད་ཚད་སེར་སྣ་མེད་པར་གཞན་དོན་དུ་སྐྱེས་སུ་ཕུལ་ནུས་ན། སྐྱེ་བོ་གང་དེའི་མཚན་དང་གྲགས་པ། བརྟན་སྐར་དང་ཐང་ཤིང་བཞིན་དུ་ཡུན་ནས་ཡུན་དུ་གནས་ངེས།
མེ་ཏོག་ཅིག་གི་ཚེ་ཚད་ནི་དབྱར་ལོ་གཅིག་ཡིན་པའི་དབང་དུ་བྱས་ན། མེ་ཏོག་ཅིག་གིས་མི་སེམས་ལ་བཞག་པའི་བག་ཆགས་དེ་ཚེ་གང་ཡིན་སྲིད། སྐྱེ་བོ་ཞིག་གི་ཚེ་ཚད་ནི་སྐད་ཅིག་སེ་གོལ་ཏོག་གཅིག་གི་ཡུན་དུ་བྱས་ན། སྐད་ཅིག་མི་ཚེའི་ནང་གཞན་ཕན་སྐུལ་སློང་བཟང་པོ་ལས་འཁྲུངས་པའི་གཟི་བྱིན་ནི། ཉམས་མེད་དགུང་སྔོན་མཐོན་པོའི་ཉི་ཟླའི་ཚུལ་དུ་གནས་ངེས་སོ།