གསར་འགོད་པར་རང་སྐྱོང་ལྗོངས་དཔལ་ཡོན་སྲོལ་གཏོད་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱིས《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་སྤྱི་བསྒྲགས་སྤེལ་ནས《བོད་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་སྲོལ་ཡིག》ཡོངས་བསྒྲགས་བྱས་ཤིང་། སྲོལ་ཡིག་དེ་ནི་སྐབས་བཅུ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བཅུ་བཞི་པས་2015ལོའི་ཟླ་1ཚེས་14ཉིན་གྲོས་ཞིབ་གྲོས་འཆམ་བྱས་པ་དང་2015ལོའི་ཟླ་3ཚེས་5ཉིན་ནས་ལག་ལེན་བསྟར་འགོ་ཚུགས་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་སྲོལ་ཡིག》ནི་རང་ལྗོངས་ཀྱི་དང་བླངས་ཞབས་ཞུ་སྒོ་ཀུན་ནས་ཚད་ལྡན་དུ་གཏོང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཡིན་པས་ལེགས་སྐྱེས་དང་། མཛའ་བཤེས། རོགས་རེས། ཡར་རྒྱས་བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུ་བྱ་ཡུལ་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ། དང་བླངས་ཞབས་ཞུའི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། སྲོལ་ཡིག་བཏོན་པ་དེ་ཐོན་ནས་རང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་ལས་དོན་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་གྱི་སྲོལ་ལམ་ཐོག་སླེབས་ལུགས་མཚོན་པ་དང་སྲོལ་ཡིག་ལག་ལེན་བསྟར་བས་ལྗོངས་ཡོངས་ཀྱི་དང་བླངས་ཞབས་ཞུ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་དང་ཤེས་དཔལ་བོད་ལྗོངས་གཏོད་པར་སྐུལ་མ་གཏོང་རྒྱུར་དོན་སྙིང་གཏིང་ཟབ་ལྡན་ཡོད།
རང་སྐྱོང་ལྗོངས་དཔལ་ཡོན་སྲོལ་གཏོད་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས《བོད་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་སྲོལ་ཡིག》དེ་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་དང་བླངས་པ་དང་དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱི་བཅའ་ཁྲིམས་ཀྱི་གནས་བབ་གཏན་འཁེལ་དང་དང་བླངས་ཞབས་ཞུ་དང་། དང་བླངས་པ། དང་བླངས་པའི་རྩ་འཛུགས་བཅས་ཀྱི་མིང་འགྲེལ་གསལ་པོ་བཟོས་པ་དེ་དང་བླངས་ཞབས་ཞུའི་ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་། ཁྱབ་ཁོངས། སྤྱི་འདོམས་མཐུན་སྦྱོར་སྡེ་ཚན། དང་བླངས་པའི་ཁེ་དབང་དང་འོས་འགན། དང་བླངས་ཞབས་ཞུར་སྐུལ་མ་དང་འགན་ལེན་བྱེད་པ། དང་བླངས་ཞབས་ཞུ་ཚད་ལྡན་བཅས་དང་འབྲེལ་ཡོད་བཅའ་ཁྲིམས་འགན་འཁྲི་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད། སྲོལ་ཡིག་ནང་ལོ་ལྟར་ཟླ་3ཚེས་5ཉིན་ནི་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུ་བྱེད་སྒོའི་དྲིལ་བསྒྲགས་ཉིན་མོར་གཏན་འཁེལ་བྱས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།