ཡབ་ཆེན་དྲན་པ།
བདག་གི་ཡབ་ཆེན་མི་ཡུལ་འདི་ལས་བྲལ་ཏེ་མི་ལོ་བཅུ་གསུམ་སོང་ཟིན། ཡབ་འདས་པའི་མི་ལོ་འདི་དག་ནང་ཁོར་ཡུག་དང་བྱ་བ་སྣ་ཚོགས་ཤིག་གིས་རྐྱེན་གྱིས། ཡབ་ཆེན་ཁོང་བདག་གི་དྲན་པའི་ལམ་དུ་ཡང་ཡང་འཆར་ལ། ལྷག་པར་དུ་ཁོང་གི་བྱམས་སྙིང་རྗེ་དང་བཟོད་པ། དེ་བཞིན་བྱ་བ་གང་ལའང་མཁས་ཤིང་བརྩོན་པའི་བག་ཆགས་ཟབ་མོ་དེས། ངའི་དྲན་པའི་ལམ་དུ་ཁོང་འཚོ་བཞུགས་སྐབས་ཀྱི་སྣང་བརྙན་མང་དག་ཅིག་མཚན་དུས་དགུང་སྔོན་དབྱིངས་ཀྱི་སྐར་མའི་ཚོགས་བཞིན་ཡང་ནས་ཡང་དུ་འཆར།
ང་རང་ལོ་གསུམ་ཙམ་ལ་སླེབས་དུས། སྐབས་དེའི་རྣོ་ངར་ཆེ་བའི་གྲལ་རིམ་འཐབ་རྩོད་ལས་འགུལ་གྱིས་རྐྱེན་པས་བདག་གི་ཡབ་དང་བཅས་པའི་ཉེས་མེད་སྐྱེ་བོ་མང་པོ་ཞིག་བཙོན་དུ་ཚུད། བཙོན་ཁང་དུ་མི་ལོ་གསུམ་ཙམ་བསྡད་རྗེས་ཀྱི་སྤྱི་ལོ་1973ལོར་ཉེས་མེད་དཀར་འདོན་བྱུང་བས། དེ་དུས་ང་རང་ལོ་དྲུག་ཙམ་ལ་སླེབས་ཟིན། བཙོན་གྲོལ་བྱུང་རྗེས་པཱ་ལགས་ཁོང་ཙམ་མ་ཟད། མི་ལོ་དེ་དག་ནང་ངན་སྨྲས་བརྙས་བཅོས་དང་། མཐོང་ཆུང་། ཉེས་རྡུང་སྣ་ཚོགས་མྱངས་པའི་བདག་གི་ཡུམ་ཆེན་དང་། ང་ཚོ་བུ་ཕྲུག་རྣམས་ལའང་ལུས་སེམས་གཉིས་ཀྱི་བཅིངས་འགྲོལ་ཆེན་པོ་ཐོབ་སྟེ། ནང་མི་ཁྲ་རོག་རོག་གི་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུའི་གོ་སྐབས་ཤར།
ཡུན་རིང་ནང་བརྙས་བཅོས་དང་མཐོང་ཆུང་། ཉེས་རྡུང་སོགས་ཀྱི་འོག་ཕ་མ་ཡ་བྲལ་གྱི་མི་ཚེ་སྐྱོ་པོ་དེ་བསྐྱལ་རྗེས། ཕ་མ་གཉིས་འཛོམས་དང་རང་དབང་ལྡན་པའི་འཚོ་བ་གསར་པ་ཞིག་ལ་རོལ་སྐབས། དངོས་གནས་མི་ཡུལ་ནི་དཔྱིད་དཔལ་བཞིན་དུ་མཚར་ལ། འཚོ་བ་ནི་སྦྲང་རྩི་བཞིན་དུ་མངར་བའི་མྱོང་སྣང་དེ་ལྷག་པར་སྐྱིད་ཨང་།
མི་ལོ་དེ་དག་ནང་ཡུམ་ཆེན་ཁོང་ནས་རང་གི་བཟའ་ཟླ་ཉེས་མེད་མུན་བཙོན་དུ་ཚུད་པའི་སེམས་ཁྲལ་དང་། གཞན་གྱིས་བརྙས་བཅོས་དང་མཐོང་ཆུང་སྣ་ཚོགས་མྱོང་དགོས་པ་མ་ཟད། ད་དུང་ལོ་ན་རྒས་པའི་རྒན་འཁོགས་དང་། ན་སོ་ཆུང་བའི་ང་ཚོ་བུ་ཕྲུག་ཚོའི་འཚོ་གནས་གང་སར་ལྟ་སྐྱོང་བྱེད་དགོས་པས། ན་སོ་གཞོན་པའི་ངའི་ཨ་མ་ལགས་ཀྱི་ངོས་ནས་བཤད་ན། དེ་ནི་བསམ་ཚོད་ལས་འདས་པའི་དཀའ་ངལ་དང་། སྨྲ་བརྗོད་ལས་འདས་པའི་མནར་གཅོད་དང་སྡུག་བསྔལ་ཆེན་པོ་ཞིག་མ་ཡིན་ནམ།
བདག་གི་ཡབ་ཆེན་བཙོན་གྲོལ་བྱུང་རྗེས་ནང་མི་ཚང་མའི་བཞིན་ལས་བཞད་པའི་སྔར་མེད་ཀྱི་འཛུམ་མདངས་དེ་ནི་དངོས་གནས་དཔྱིད་དུས་སྤང་ལ་བཞད་པའི་མེ་ཏོག་བཞིན་དུ་མཛེས་ཤིང་ཡི་གར་འོང་།
ངའི་པཱ་ལགས་ཁོང་ནི་ཤེས་པ་དང་རིག་པ་བཀྲ་བའི་མི་ཞིག་ཡིན་ཏེ། ལག་ཤེས་ཀྱི་རིགས་ཧ་ལམ་མ་ཤེས་པ་མེད་ཅིང་། བཙོན་གྲོལ་བྱུང་དུས་བུད་མེད་ཅིག་དང་འདྲ་བར་སྦ་ལན་དང་ཨུ་མུ་སུག་སླ་མཁས་པ་དང་། འཚེམ་བཟོ་མཁས་པ་ཞིག་ལྟར་ནང་མི་ཚང་མའི་གྱོན་གོས་དྲས་རྒྱག་པ་དང་འཁོར་འཚེམ་དང་ལག་འཚེམ་གང་བཏང་བཏང་ཡོད། མ་བྱན་མཁས་པ་ཞིག་དང་མཚུངས་པར་ང་ཚོས་དེ་སྔ་ཟ་རྒྱུ་ལྟ་ཅི་མཐོང་ཡང་མ་མྱོང་བའི་ཚལ་སྣེ་ཁ་མང་པོ་བཟོ་མཁྱེན་གྱི་ཡོད། གཞན་ཡང་པཱ་ལགས་ཁོང་གིས་ཤིང་བཟོ་རོབ་ཙམ་མཁྱེན་པ་མ་ཟད། རྡོ་བཟོའང་མཁྱེན་ལ། ད་དུང་རྒྱུན་ལྡན་གྱི་འཚོ་བའི་ནང་ལྕགས་བཟོ་ཡང་ཕྲན་ཙམ་མཁྱེན་ཞིང་། ཕྱིས་སུ་ཁོང་ནས་གསུངས་པར་ལྟར་ན་དེའི་ནང་གི་ལག་རྩལ་མང་པོ་ཞིག་བཙོན་ཁང་ནང་དུ་སྦྱངས་གནང་བ་ཤ་སྟག་རེད་འདུག
སྐབས་དེ་དུས་འཚེམ་འཁོར་དང་། སྒྲ་བསྡུ་འཕྲུལ་འཁོར། ཆུ་ཚོད་གསུམ་ནི་ཁྱིམ་ཚང་ཞིག་ལ་ཆ་བཞག་ན། ད་ལྟའི་གློག་ཀླད་དམ་རླངས་འཁོར་དང་འདྲ་བའི་ཁྱིམ་ཆས་གལ་ཆེན་ཤ་སྟག་ཡིན་ཞིང་། ངའི་དྲན་ཤེས་ནང་པཱ་ལགས་ཁོང་གིས་ཁྱིམ་ནང་གི་སྒྲ་བསྡུ་འཕྲུལ་འཁོར་དེ་དང་། ཐིར་སྒྲ་ཅན་གྱི་ཆུ་ཚོད་འཁོར་ལོ། གཞན་ཡང་འཚེམ་འཁོར་བཅས་ཀྱི་ཁ་ཡང་ཡང་ཕྱེ་སྟེ་བཟོ་བཅོས་གནང་རྒྱུར་དགའ་བས། ངའི་ཨ་མ་ལགས་ནས་རིན་ཐང་ཆེ་བའི་ཅ་དངོས་དེ་ཚོ་འཕྲོ་བརླག་ཤོར་དོགས་ཀྱིས་པཱ་ལགས་ཁོང་ནས་དེ་ལྟར་གནང་རྒྱུར་བཀག་འགོག་ཇི་ཙམ་བྱས་ཡོད་ཨང་།
ངའི་པཱ་ལགས་ཁོང་ནི་བུ་ཕྲུག་ལ་བྱམས་པའི་ཕ་ཞིག་ཡིན་ཏེ། ང་ཚོ་ཆུང་དུས་ཀྱི་རྩེད་ཆས་མང་པོ་ཞིག་ཁོང་གིས་ཕྱག་གཉིས་ལ་བརྟེན་ནས་བཟོས་པ་མ་ཟད། རྩེད་ཆས་བཟོ་རྒྱུར་མཁས་ཤིང་བྱང་བ་ཞིག་རེད། སྐབས་དེའི་ཕྲུ་གུ་རྣམས་སྤྱི་ཚོགས་དང་ཁོར་ཡུག་གིས་རྐྱེན་པས་དམག་ཆས་གྱོན་ཞིང་དམག་རྩེད་རྩེད་རྒྱུར་དགའ་བ་སྟེ། རྒྱུན་དུ་ཤིང་དང་ལྕགས་ལས་གྲུབ་པའི་རྩེད་ཆས་མེ་མདའ་དང་། ཐ་ན་ལུག་མགོའི་འགྲམ་རུས་ཀྱང་རྩེད་ཆས་མེ་མདར་བྱེད་པ་ཡིན།
ངའི་པཱ་ལགས་ཁོང་གིས་ཤིང་བཟོའི་ལག་རྩལ་ཆབ་ཆབ་ལ་བརྟེན་ཏེ། སྙིང་རུས་དང་ཞིབ་ཚགས་པོས་ང་དང་གཅུང་པོར་རིགས་དང་ཆེ་ཆུང་མི་འདྲ་བའི་མེ་མདའ་སྣ་ཚོགས་བཟོས་ཏེ། དེ་ཚོར་ཚོས་ནག་བྱུག་རྗེས་མིག་ལ་ལྷག་པར་མཛེས་པས། གྲོང་ཚོའི་ནང་གི་བྱིས་པ་གཞན་མང་པོའི་ཡིད་ཀྱི་དབང་པོ་རབ་ཏུ་འཕྲོག་སྟེ་ང་དང་གཅུང་པོར་ཡིད་སྨོན་ཆེན་པོ་བྱེད། ད་དུང་སྐབས་དེའི་ཕྲུ་གུ་རྣམས་ལྕགས་སམ་ཤིང་གི་འཁོར་ལོ་ཡོད་པའི་ཤིང་སྒྲོམ་སྟེ་རིག་ཤོག་གཏོང་རྒྱུར་དགའ་ཡང་། རྩེད་ཆས་དེ་རིགས་ནི་ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཡག་པའི་ཕྲུ་གུར་མ་གཏོགས་མེད་མོད། ངའི་བརྩེ་བའི་པཱ་ལགས་ཁོང་གི་ཕྱག་རྩལ་ལས། ང་ཚོར་རྩེད་ཆས་དེ་འདྲ་མེད་པའི་སེམས་ཁྲལ་མི་དགོས་པ་མ་ཟད། ཕྲུ་གུ་གཞན་གྱི་མདུན་དུ་ངོམ་བཟོ་དང་བཅས་རང་ལ་ངོ་སོ་ཆེ་བའི་སྣང་བ་དང་སྤོབས་པ་ཞིག་རང་བཞིན་དུ་ཡོང་གི་ཡོད་།
ལོ་ལྟར་བཙས་མ་བརྔས་རྗེས་ཕྲུ་གུ་རྣམས་ཤོག་བྱ་གཏོང་བར་འགྲོ་རྒྱུ་ནི་གོམས་སྲོལ་ལྟ་བུར་གྱུར་བས། རང་རང་སོ་སོར་གཞན་ལས་ལྷག་པའི་ཤོག་བྱ་རེ་བྱུང་ན་བསམ་པ་ནི་ཕྲུ་གུ་ཚང་མའི་བསམ་འདུན་ཆེ་ཤོས་དེ་རེད་ལ། གཞན་ལས་ལྷག་པའམ་མ་མཐར་ཡང་གཞན་དང་མཉམ་པའི་ཤོག་བྱ་རེ་ཡོད་མེད་དེས། ཕྲུ་གུ་དེའི་གནས་བབ་དང་ངོ་སོ་མཚོན་པས། ཕྲུ་གུ་ཚོས་རང་རང་གིས་འཇོན་ཐང་ལ་བརྟེན་ཏེ་ཤོག་བྱ་བཟོ་བའམ་གཞན་ལ་ཞུ་འབུལ་གྱིས་བཟོ་བ། ཡང་ན་དངུལ་སྤྲད་དེ་གཞན་གྱི་ས་ནས་ཉོ་བ་སོགས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བློ་ལ་བབས་པའི་ཤོག་བྱ་རེ་ཡོང་ཐབས་བྱེད་པ་ཡིན། ངའི་པཱ་ལགས་ཁོང་ནི་ཆུང་བྱིས་པའི་དུས་ནས་ཤོག་བྱ་བཟོ་བ་དང་གློད་རྒྱུར་དགའ་ཞིང་གོམས་པ་མ་ཟད། ཁོང་བྱིས་པའི་དུས་ཤོག་བྱ་གློད་སྐབས་ཐོག་ཁའི་སྟེང་ནས་ཟགས་མྱོང་བ་དང་། གཞན་གྱི་ཤོག་བྱ་དང་འཐབ་ནས་མང་དུ་རྒྱལ་བ་ལ་སོགས་པའི་ཉན་སྤྲོ་བའི་གཏམ་རྒྱུད་མང་པོ་གསུངས་རྒྱུ་ཡོད།
དེ་དུས་ཤོག་བྱ་གློད་དུས་ཤོག་བྱ་མཁའ་དབྱིངས་སུ་གློད་པ་ཙམ་མ་ཡིན་པར། ཤོག་བྱ་ཞིག་མཁའ་ལ་གློད་སྐབས་མཁའ་དབྱིངས་མཐོན་པོར་འཕུར་ཐུབ་པ་དང་། རླུང་བུ་ཆེ་ཡང་ལྷིང་པོ་དང་བརྟན་པོའི་ངང་འཕུར་ཐུབ་པ། མཁའ་དབྱིངས་སུ་གཞན་གྱི་ཤོག་བྱ་དང་འཛིང་མོ་བྱེད་དུས་ཤོག་བྱ་གློད་མཁན་གྱི་ལག་རྩལ་མཁས་ལོས་དང་། ད་དུང་ཆེས་གལ་ཆེ་བ་ནི་ཤོག་བྱའི་སྤུས་ཚད་ལ་རག་ལས་པ་སྟེ། ཤོག་བུའི་སྤུས་ཚད་དང་ཤོག་བྱའི་མདའ་དང་རྩིབས་མ། དེ་བཞིན་སྐུད་པ་སོགས་ཕྱོགས་མང་པོའི་བཟོ་རྩལ་ལ་རག་ལས་པས། ཤོག་བྱ་བཟོ་སྐབས་ཤོག་བུ་འདེམས་ཤེས་དགོས་པ་མ་ཟད། ཤོག་བྱའི་མདའ་དང་རྩིབས་མ་བཟོ་སྐབས་སྨྱུག་མའི་སྤུས་ཚད་དང་སྦོམ་ཕྲ། གུག་ཆ་དང་ལྡེམ་ཤུགས་ཆེ་ཆུང་། ཤོག་བྱའི་གཡས་གཡོན་གྱི་ཡང་ལྕི། ཤོག་བྱའི་བྲང་ཐག་བསྒར་སའི་དབྱེ་མཚམས་དང་བར་ཐག དེ་བཞིན་ཤོག་བྱའི་སྐུད་པར་སྣག་གཏོང་མིན་དང་། སྣག་གཏོང་མཁས་མིན་སོགས་དང་ཁྱད་པར་ཤིན་ཏུ་ཆེ།
ལྷག་པར་དུ་མཁའ་དབྱིངས་སུ་ཤོག་བྱ་ཕན་ཚུན་འཐབ་རེས་བྱེད་དུས། ཤོག་བྱའི་སྐུད་པར་སྣག་བཏང་ཡོད་མེད་དང་། སྣག་གཏོང་མཁས་མིན་ནི་གཞན་ལས་རྣམ་པར་རྒྱལ་ཐུབ་མིན་གྱི་འགག་རྩའི་ནང་གི་འགག་རྩ་རེད། ངའི་པཱ་ལགས་ཁོང་གིས་དང་ཐོག་ཤེལ་ཕྱེ་མར་འཐག་རྗེས། གྲོ་ཞིབ་སྤུས་ལེགས་གདམས་ཏེ་སྐྱོ་མ་བསྐོལ་ནས་དེའི་ནང་ཤེལ་ཕྱེ་དང་། སྤྱིན། བྱེ་མ་ཀ་ར་སོགས་བསྡུར་ཚད་རན་པོར་བླུགས་ཏེ་ལེགས་པར་སྦྱངས་རྗེས་སྐུད་པར་བྱུག་པ་དང་། སྐུད་པར་བྱུག་དུས་ཀྱང་མང་ཉུང་རན་པར་བྱེད་ཅིང་། དེ་ནས་དེ་ལྟར་སྣག་བཏང་བའི་སྐུད་པ་ཆུ་གྲང་མོས་བཀྲུས་རྗེས་གྲིབ་སྐམ་གཏོང་གི་ཡོད། དེ་ལྟར་སྐུད་པར་སྣག་ཡག་ཉེས་ཇི་བྱུང་ནི་སྣག་གཏོང་མཁན་གྱི་ལག་རྩལ་ལ་རག་ལས་པ་དང་། སྣག་ཡག་པོ་བྱུང་ན་མཁའ་དབྱིངས་སུ་གཞན་གྱི་ཤོག་བྱ་དང་འཛིང་མོ་བྱེད་དུས་ཤོག་བྱ་གཞན་གྱི་སྐུད་པ་ངལ་མེད་དུ་བཅད་དེ་གཞན་ལས་རྣམ་པར་རྒྱལ་ཐུབ། ཤོག་བྱའི་སྣག་གཏོང་སྟངས་མ་གཞི་ཧ་ལམ་གཅིག་མཚུངས་ཡིན་མོད། ཡིན་ནའང་ཞིབ་ཕྲའི་ལག་རྩལ་མི་འདྲ་ལ། རང་རང་སོ་སོའི་ཁྱད་འཕགས་ཀྱི་ལག་རྩལ་གཞན་ལ་གསང་བ་བྱེད་པས། སྣག་གཏོང་བའི་ལག་རྩལ་ལ་ཁྱད་པར་ཆེན་པོ་ཡོད།
ངའི་པཱ་ལགས་ཁོང་གི་ལག་རྩལ་ཡག་པོ་ཡོད་པས། ང་ཚོས་ཁོང་གིས་བཟོས་པའི་ཤོག་བྱ་བཏང་སྟེ་གཞན་དང་རྒྱལ་ཕམ་འགྲན་དུས། ང་རང་གཞན་ལ་ཕམ་པའི་ལོ་རྒྱུས་ཧ་ལམ་ཤོད་རྒྱུ་མེད། ཁོང་གིས་མཇུག་མ་ཡོད་པའི་ཤོག་བྱ་སྣ་ཚོགས་བཟོ་ཤེས་པ་མ་ཟད། གཞན་གྱིས་དེ་ཙམ་མི་ཤེས་པའི་མཇུག་མ་མེད་ཅིང་དབྱིབས་ཤིན་ཏུ་ཆེ་བའི་ཤོག་བྱ་ཀླད་ཀོར་འཇམ་པ་ཟེར་བའང་བཟོ་མཁྱེན་གྱི་ཡོད། མཇུག་མེད་ཀླད་ཀོར་འཇམ་པ་ནི་མཇུག་ཡོད་ཤོག་བྱ་དང་བསྡུར་ན་ཁྱད་ཆོས་མི་འདྲ་བ་འགའ་ཡོད་དེ། ཀླད་ཀོར་འཇམ་པ་ལག་ཏུ་འཁྱེར་དུས་འཁྱེར་བདེ་བ་དང་། མཁའ་དབྱིངས་སུ་གློད་དུས་ཉམས་དོད་ལ་བདེ་ཅག་འཁྱུག་པ། ལྷག་པར་དུ་མཁའ་དབྱིངས་སུ་རྒྱལ་ཕམ་འགྲན་དུས་མཇུག་ཡོད་ཤོག་བྱ་དང་བསྡུར་ན། གཅིག་ནས་བདེ་ཅག་འཁྱུག་པའི་དགེ་མཚན་དང་། གཉིས་ནས་ཤོག་བྱ་ཕན་ཚུན་འཛིང་མོ་བྱེད་དུས་མཇུག་ཡོད་ཤོག་བྱའི་མཇུག་མ་ཆད་སླ་བ་དང། མཇུག་མ་ཆད་རྗེས་མུ་མཐུད་འཕུར་བའི་ནུས་པ་དང་བྲལ་ཏེ་ཤོག་བྱ་མགོ་གཡུག་དང་བཅས་རང་བཞིན་དུ་ས་ལ་ལྷུང་འགྲོ་བས། ཀླད་ཀོར་འཇམ་པར་མ་གཞི་ནས་མཇུག་མ་མེད་པས་དེ་ལྟའི་སེམས་ཁྲལ་མི་དགོས།
ང་དང་གཅུང་པོས་པཱ་ལགས་ཁོང་གིས་བཟོས་གནང་བའི་ཤོག་བྱ་དེ་རིགས་མཁའ་ལ་གློད་དུས། ཤོག་བྱའི་བཟོ་དབྱིབས་དང་ཆེ་ཆུང་། ལྷག་པར་དུ་ཤོག་བྱའི་སྤུས་ཚད་ཀྱིས་རྐྱེན་པས། བྱིས་པ་གཞན་གྱིས་ངེད་གཉིས་ལ་ཡིད་སྨོན་གྱི་མིག་མདའ་འཕེན་སྐབས་དང་། ལྷག་པར་དུ་མཁའ་དབྱིངས་སུ་རྒྱལ་ཕམ་འགྲན་ཏེ་གཞན་གྱི་ཤོག་བྱ་རེ་རེ་བཞིན་ཕམ་ཉེས་སུ་གཏོང་སྐབས། སྐབས་དེའི་ངའི་སྣང་ངོར་རང་ཉིད་ནི་གེ་སར་རྒྱལ་པོ་བཞིན་འཐབ་ན་མི་རྒྱལ་བ་མེད་པའི་དམག་དཔོན་ཞིག་ཡིན་པའི་ཉམས་སྣང་དང་སྤོབས་སེམས་ཤིག་གིས་ཡོངས་སུ་ཁེངས་པར་གྱུར།
ངའི་པཱ་ལགས་ཁོང་ནས་ང་དང་གཅུང་པོར་ཤོག་བྱ་བཟོ་བ་དང་བསྟུན། ཤོག་བྱ་བཟོ་སྟངས་དང་། སྐུད་པར་སྣག་གཏོང་སྟངས་ཀྱང་བསླབ་གནང་གི་ཡོད་པས། རྗེས་སུ་ང་དང་གཅུང་པོས་ཀྱང་ཤོག་བྱ་སྣ་ཚོགས་བཟོ་ཤེས་པ་མ་ཟད། སྐུད་པར་སྣག་གཏོང་སྟངས་ཀྱང་ཤེས་པར་གྱུར། ལོ་རེའི་སྟོན་དུས་ཀྱི་ཤོག་བྱ་གློད་པའི་དུས་ཚོད་འཆར་དུས་དང་། ཤོག་བྱ་དང་འབྲེལ་བའི་དོན་དག་ཅིག་དྲན་དུས། ངས་པཱ་ལགས་དང་པཱ་ལགས་ཀྱི་ཤོག་བྱ་སེམས་ནས་ལྷང་ངེར་དྲན། དེ་ནས་ད་བར་མི་ལོ་སུམ་ཅུ་ལྷག་སོང་ཟིན་མོད། སྔར་སོང་བྱིས་པའི་དུས་ཀྱི་འཚོ་བ་དེ་དག་ལ་ཕྱིར་དྲན་བྱེད་སྐབས། དེ་དག་ཚང་མ་ནི་མི་ཚེ་གང་པོའི་བརྗེད་པར་དཀའ་ལ་ཡིད་དུ་འོང་བའི་དྲན་འཆར་རེ་རེ་ཡིན་ཨང་།
ངའི་པཱ་ལགས་ཁོང་ནི་མི་སེམས་བཟང་ཅན་ཞིག་རེད། ཁོང་བཙོན་གྲོལ་བྱུང་རྗེས་དེ་སྔ་གྲལ་རིམ་འཐབ་རྩོད་སྐབས་རང་ཉིད་ལ་ཉེས་མེད་འཐབ་རྩོད་གཏོང་མཁན་རྣམས་ལ་འཁོན་སེམས་མེད་པར་གུ་ཡངས་གཏོང་རྐྱང་བྱེད་པ་མ་ཟད། རྗེས་སུ་ང་ཚོའི་འཚོ་བའི་གནས་བབ་རིམ་པས་ཡག་ཏུ་སོང་རྗེས། གྲལ་རིམ་འཐབ་རྩོད་སྐབས་དྲག་པོའི་འཐབ་རྩོད་ལ་དགའ་བའི་མི་དེ་ཚོའི་ཁྱིམ་ཚང་འཚོ་བའི་འཁོས་བབ་ཞན་རྐྱེན། ང་ཚོའི་ཁྱིམ་ལ་ལྟོ་གོས་གང་གི་ཐད་ནས་རེ་བ་བྱེད་དུས། པཱ་ལགས་ཁོང་ནས་སྔར་བྱས་ལ་འཁོན་པ་དང་འཛིན་པ་མེད་པར་གང་དང་ཅི་ཡིན་ཡང་གཏོང་ཕོད་ཆེན་པོས་རོགས་རམ་གང་ཐུབ་བྱེད། དེ་དུས་ང་ཚོས་ཁོང་ལ“དེ་སྔ་མི་དེ་ཚོས་མི་ཆོས་ལས་འདས་པའི་སྡུག་དང་མནར་གཅོད་དེ་འདྲ་གཏོང་མྱོང་བ་དེ་དག་མི་དྲན་ནམ། ད་ལྟ་ཁོ་ཚོར་སེམས་བཟང་དེ་འདྲ་བྱེད་པའི་དགོས་པ་མེད”ཅེས་མ་འདོད་པའི་ཚུལ་དུ་གླེང་དུས། ཁོང་ནས་ངང་རྒྱུད་རིང་པོས“མིའི་མི་ཚེ་ནི་སྐད་ཅིག་ཙམ་ཞིག་ཡིན་པས། འཁོན་པ་བྱེད་དོན་མེད་ལ་སྙིང་པོ་མེད་པ་ཞིག་རེད། གཅིག་བྱས་ན་ཚེ་སྔོན་མར་ང་ཚོས་ཁོ་ཚོར་ཆད་ཡོད་པས་ཚེ་འདིར་ལས་འབྲས་འཁོར་ཏེ་ཚེ་སྔོན་ཕར་ལ་ཆད་པ་རྣམས་ད་ཆ་འཇལ་དགོས་པ་ཡིན་སྲིད། དེ་འདྲ་མིན་ན་ཚེ་འདིར་ཁོ་ཚོས་ང་ཚོར་ཆད་པས་ཚེ་ཕྱི་མར་དེའི་ལས་འབྲས་ཁོ་ཚོ་རང་གིས་འཁུར་དགོས་པས། ང་ཚོས་འཁོན་པ་དང་འཛིན་པ་བྱས་ཚེ་ང་ཚོ་རང་ཉིད་ཀྱི་བསོད་བདེ་བསོད་ནམས་ཉམས་འགྲོ་བ་མ་ཟད། འཁོན་པ་དང་འཛིན་པས་སྡིག་པ་གསོག་པའི་ཁར། རང་སེམས་མི་བདེ་ཞིང་གཞན་སེམས་འཁྲུག་པར་བྱེད་པས་དགོས་པ་མེད”ཅེས་གསུངས་ཀྱི་ཡོད།
ངའི་པཱ་ལགས་ཁོང་གིས་དབང་པོ་སྐྱོན་ཅན་དང་རྒན་འཁོགས་སོགས་མི་གཉོམ་ཆུང་རྣམས་ལ་སྙིང་རྗེ་ཚད་མེད་གནང་རྒྱུ་ནི་ཁོང་གི་མི་ཚེའི་ལྟ་བའམ་འཚོ་བའི་གཏན་ཚིགས་གལ་ཆེན་ཞིག་ཏུ་བརྩི་གནང་གི་ཡོད་ཅིང་། དེ་སྔ་པཱ་ལགས་ཁོང་ཀུང་ཧྲེའི་རྟ་སྒ་རིལ་བཏང་སྟེ་ཕག་རི་ནས་རྒྱལ་རྩེ་དང་གཞིས་རྩེ་སོགས་སུ་མེ་ཤིང་དབོར་འདྲེན་གནང་བར་ཕེབས་དུས་དང་། དེ་བཞིན་རྗེས་སུ་མི་དམངས་ཀུང་ཧྲེ་གཏོར་ནས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་སྐབས་ཚོང་གཉེར་གྱིས་ས་ཆ་གཞན་དུ་ཕེབས་དུས་སུ། ལམ་བར་ལྟོ་སྐྱ་གོས་ཧྲུལ་གྱི་རྒན་འཁོགས་དང་མུ་ཏོ་བ་འདྲ་ཐུག་དུས། དགུན་ཨ་ཧྲེང་ད་ཧྲེང་སྐབས་སུའང་རང་ཉིད་ཀྱི་ཟས་ཙམ་མ་ཟད་ལུས་ཀྱི་གྱོན་པའང་ཕུད་དེ་ཁོ་ཚོར་སྦྱིན་པ་ནི་ཐེངས་གཅིག་གཉིས་གཏན་ནས་མ་ཡིན།
ང་ཚོའི་ཕ་ཡུལ་དུ་དེ་སྔ་ཇོ་བོ་ཚེ་རིང་ཟེར་བའི་ལྕགས་བཟོ་བ་ཞིག་ཡོད་པ་དེར་ཕྲུ་གུ་ཞ་རིལ་ལག་གཉིས་ས་ལ་བཙུགས་ཏེ་སྨད་ཁོག་དྲུད་དེ་འགྲོ་དགོས་པ་ཞིག་ཡོད། ཁོ་ཚོ་ལྕགས་བཟོ་བ་ཡིན་པའི་དབང་གིས་མི་མང་པོས་ཁོ་ཚོར་མཐོང་ཆུང་བྱེད་པ་མ་ཟད། ཕྲུ་གུ་ཞ་རིལ་དེས་བཙོག་གཅིན་ཡང་མི་འཚོག་པས། བཙོག་གཅིན་གི་དྲི་ངན་བཟོད་དཀའ་རྐྱེན་ཚང་མས་ཁོ་ལ་གཡོལ་གང་ཐུབ་བྱེད་ཀྱི་ཡོད། དགུན་དུས་ཀྱི་དགོང་མོ་ཞིག་ཆུས་ཀྱི་སྒོ་རའི་ནང་གློག་བརྙན་བསྟན་པས། གློག་བརྙན་ཚར་ནས་མི་རྣམས་རང་ཁྱིམ་ལ་ལོག་པའི་སྐབས། ཕྲུ་གུ་ཞ་བོ་དེ་རང་ཁྱིམ་ལ་འགྲོ་བའི་ལམ་བར་དུ་ཆུ་ལ་མ་ཐར་བར་གྲར་ངར་གྱིས་ལུས་པོ་འདར་སིག་སིག་ལ་ཡོད་པ་མཐོང་དུས། པཱ་ལགས་ཁོང་གིས་བཙོག་སྣང་སྤུ་ཙམ་ཡང་མེད་པར་ཕྲུ་གུ་ཞ་བོ་དེ་པང་ལ་བཏབ་སྟེ་ཁོ་པའི་ཁྱིམ་དུ་བསྐྱལ་རྗེས་གཞི་ནས་རང་ཁྱིམ་དུ་ལོག
ངའི་པཱ་ལགས་ཁོང་ནི་རྒན་བཀུར་གཞོན་གཅེས་ཀྱི་དཔེ་མཚོན་ལྟ་བུར་བགྲང་རུང་བ་ཞིག་ཡིན། པཱ་ལགས་ཁོང་ནས་རང་གི་ཕ་མ་གཉིས་ལ་བསྙེན་བཀུར་ཞབས་ཏོག་མ་འཕྱུགས་པ་གནང་བས་མི་ཚད། ང་ཚོའི་ཁྱིམ་ལ་ཨ་ཕྱི་རྒན་མོ་ཞིག་ཡོད་པ་དེར་ཡང་ཞབས་ཏོག་ཡག་པོ་སྒྲུབ་གནང་གི་ཡོད། ཨ་ཕྱི་ཁོང་ནི་ངའི་པཱ་ལགས་ཀྱི་ཨ་ཁུའི་མ་རེད། ངའི་པཱ་ལགས་ཀྱིས་ཨ་ཕྱི་རྒན་མོར་རང་གིས་མ་ལྟར་ཟས་གོས་གང་སྤྱིའི་ཐད་ནས་ལྟ་རྟོག་སེམས་ཁུར་གང་ལེགས་གནང་བ་མ་ཟད། ངང་རྒྱུད་རིང་པོས་ཞབས་ཕྱི་ལེགས་པར་སྒྲུབ་སྟེ་བྱམས་པར་སྐྱོང་བས། ཨ་ཕྱི་ལགས་ཀྱི་ཞལ་ནས“བུ་བློ་བཟང་དང་། བུ་བློ་བཟང”ཞེས་མ་ཎི་འདྲེན་འདྲེན་བྱེད་པ་དང་། པཱ་ལགས་ཁོང་ཡུལ་གཞན་ལ་ཕྱག་ལས་ལ་ཕེབས་དུས་ཀྱང་ཨ་ཕྱི་ལགས་ཀྱིས་ཧ་ཅང་དྲན་པོ་གནང་གི་ཡོད་ཅིང་། སྒུག་ཡུན་མི་བཟོད་པའི་ཚུལ་དུ“བུ་བློ་བཟང་ག་དུས་ལོག་ཡོང་གི་རས”ཞེས་ཡང་ཡང་དྲིས་གནང་གི་ཡོད།
བདག་གི་པཱ་ལགས་ཁོང་ནི་སེམས་ལྤགས་སྲབ་ཅིང་། ག་དུས་ཡིན་ཡང་མི་གཞན་ལ་ཡིད་ཆེས་ཆེན་པོ་གནང་མཁན་ཞིག་ཡིན། ཁོང་གི་མི་ཚེའི་ནང་ཚོང་གཉེར་ཡུན་རིང་གནང་མྱོང་ཡང་། ཁེ་བཟང་ཁོ་ན་དོན་གཉེར་བྱེད་མཁན་ཞིག་ཡེ་ནས་མིན། གཞན་གྱིས་སྔོན་ལ་ཚོང་ཟོག་འཁྱེར་ནས་རིན་གོང་རྗེས་སུ་རྩིས་རྒྱག་རྒྱུའི་ཁས་ལེན་དམ་བཅའ་བྱས་པར། ཡིད་ཆེས་ཆེན་པོས་སྔོན་ལ་ཚོང་ཟོག་སྔ་རྟིང་དུ་སྤྲོད་རྐྱང་གནང་བ་དང་། རྗེས་སུ་རྩིས་རྒྱག་པའི་སྐབས་སུ་མི་མང་པོས་གནས་སྐབས་རྩིས་རྒྱག་མི་ཐུབ་ཅེས་གནས་ལུགས་རྒྱུ་མཚན་དང་སྦྲགས་ཁྱིམ་ཚང་དང་འཚོ་བའི་དཀའ་ངལ་མང་དག་ཞིག་དྲངས་དུས། ཁོང་ནས་མུ་མཐུད་ཨུ་ཚུགས་མཐར་སྐྱེལ་བྱེད་མི་སྲིད་པ་དང་། གཞན་གྱིས་ཐེངས་མང་དེ་ལྟར་བྱས་རྗེས་མུ་མཐུད་བུ་ལོན་དེད་དུ་འགྲོ་མི་ཕོད་པར“ཁོ་ཚོ་བུ་ལོན་སྤྲོད་མཁན་ངོ་མི་ཚ་ནའང་ང་བུ་ལོན་ལེན་མཁན་ངོ་ཚ་གི་འདུག”ཅེས་བཞག་གནང་གི་ཡོད། མི་མང་པོ་ཞིག་གིས་ཁོང་གི་དེ་ལྟའི་ཐུགས་རྒྱུས་ལོན་རྗེས། ཁོང་གི་ཞན་ཆ་དེ་བེད་སྤྱད་དེ་རང་ཉིད་ལ་ཁེ་བཟང་རག་ཐབས་ཁོ་ན་བྱེད་པས། མཐར་པཱ་ལགས་ཁོང་གི་ཚོང་གཉེར་ལ་ཁེ་བཟང་མེད་པ་མ་ཟད། མ་རྩའང་བརྡིབས་འགྲོ་བས། ནང་མི་དང་དགའ་ཉེ་སྤུན་མཆེད་ཚོས“མི་གཞན་ཡིན་ན་ཚོང་རྒྱག་གིན་རྒྱག་གིན་ཁེ་བཟང་ཆེ་རུ་ཆེ་རུ་འགྲོ་གི་ཡོད་མོད། བློ་བཟང་གིས་ཚོང་རྒྱག་གིན་རྒྱག་གིན་གྱོང་གུན་ཆེ་རུ་ཆེ་རུ་རེད”ཅེས་མི་འདོད་པའི་རྣམ་འགྱུར་སྟོན་མཁན་མང་།
ཐེངས་ཤིག་པཱ་ལགས་ཁྱིམ་ཚང་ཞིག་ལ་ལས་དོན་སྒྲུབ་པར་ཕེབས་སྐབས། ཁྱིམ་ཚང་དེའི་འདོགས་ཁྱི་གང་བྱུང་དུ་བཏང་བ་དེས་རྨུགས་ནས་རྨས་སྐྱོན་བཟོས། དོན་དེ་ནང་མི་ཚོས་ཤེས་ནས་ཁྱིམ་ཚང་དེར་རྒྱུ་མཚན་ཤོད་པར་འགྲོ་རྒྱུ་མ་ཟད། སྨན་རིན་ལེན་པར་འགྲོ་རྩིས་བྱེད་སྐབས། ཁོང་གིས“ཁྱིམ་ཚང་དེ་ལ་ཆ་བཞག་ཀྱང་རྐང་བཙུགས་ཏེ་ཁྱི་བཏང་ནས་མི་ལ་རྨུགས་བཅུག་པ་ཞིག་མིན་པས་དེ་འདྲ་བྱེད་མི་རུང་། ཁྱིས་རྨུགས་པའི་རྨ་ཁར་གསོ་རྒྱུ་ཡོད་པ་དང་། གལ་སྲིད་ཡུལ་གཅིག་གི་ཡུལ་མི་ཕན་ཚུན་བར་སེམས་ལ་རྨ་ཁ་བཟོས་ན་གསོ་ཁག་པ་མ་ཟད། རྟག་ཏུ་གྲོང་ཚོ་གཅིག་ནང་མི་ཚེ་མཉམ་དུ་སྐྱེལ་དགོས་པས་ཁ་ནག་ངོ་ནག་གིས་མི་ཚེ་སྐྱེལ་དགོས་བྱུང་ན་སྙིང་པོ་མེད”ཅེས་ཁོང་གི་གྲོགས་པོ་ཚོར་ཕར་ལ་སེམས་གསོ་དང་ཁ་ཏ་བསླབ་བྱ་གནང་བས། ཁ་ཤས་ཀྱིས་བློ་བཟང་རང་ནི་བློ་ཁོག་ཆུང་བ་ལ་ཟེར་བ་དང་། ཁ་ཤས་ཀྱིས་བློ་བཟང་རང་ནི་མི་བླ་མ་དཀོན་མཆོག་ཅིག་རེད་ཟེར། པཱ་ལགས་ཁོང་གི་མི་ཚེའི་ནང་དེ་དང་དེ་འདྲ་བའི་སྒྲུང་གཏམ་མང་བས། འདིར་བཀོད་པ་ནི་དཔེ་མཚོན་ཙམ་དུ་ཟད།
ཕལ་ཆེར་ཁོང་གི་ལྷག་བསམ་ཟོལ་མེད་དང་བྱམས་སྙིང་རྗེའི་བསམ་པའི་ཀུན་སློང་དང་བྱ་སྤྱོད་ཀྱི་འབྲས་བུ་ཡིན་ངེས་ཏེ། གྲལ་རིམ་འཐབ་རྩོད་ཀྱི་ཐབས་རྡུགས་ཀྱི་ལོ་ཟླའི་ནང་། བསམ་ཤེས་མེད་པའི་སྐྱེ་བོ་ལ་ལ་ཕུད། ཡུལ་མི་དང་གྲོང་པ་ཁྱིམ་མཚེས་མང་པོས་ཉེན་ཁ་ཆེ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་མ་བལྟོས་པར། ང་ཚོ་ནང་མི་བུ་ཕྲུག་ཚོར་ལྐོག་ལྐོག་སུད་སུད་ལ་རོགས་པ་མང་པོ་བྱེད་མྱོང་ལ། ངའི་ཨ་མ་ལགས་ནད་ཀྱིས་མནར་ཏེ་རྒྱལ་རྩེ་སྨན་ཁང་དུ་སྨན་བཅོས་བྱེད་རིང་། ངོ་ཤེས་དང་མི་ཤེས་པའི་མི་མང་པོས་རོགས་རམ་མང་པོ་གནང་བ་མ་ཟད། ཨ་མ་ལགས་ཁོང་སྨན་ཁང་དེར་སྨན་བཅོས་བྱས་ཀྱང་མ་ཕན་པར་ཚེ་ལས་འདས་རྗེས། སྨན་ཁང་དེར་ནད་བཅོས་བྱེད་བཞིན་པའི་དེ་སྔ་ངོ་ཤེས་ཆ་རྒྱུས་མེད་པའི་མི་མང་པོས་ཕྱོགས་མང་པོའི་ཐད་ནས་རོགས་མང་གང་ཐུབ་བྱས་པ་དང་། མི་ཁ་ཤས་རྗེས་སུ་ངའི་པཱ་ལགས་ཁོང་དང་གྲོགས་པོ་བློས་ཐུབ་ལ་གྱུར།
དེ་ནས་ལོ་མང་སོང་རྗེས་ངའི་པཱ་ལགས་ཁོང་སྐུ་ཚེས་མ་ཟིན་པར་འཇིག་རྟེན་གཞན་དུ་ཕེབས། པཱ་ལགས་ཁོང་སྐུ་ཚེ་འདས་ཁར་ཁོང་ནས་ཞལ་ཆེམས་བཞག་གནང་དུས། ང་རང་ནི་སེམས་སྡུག་བཟོད་མེད་ཀྱིས་ངུ་མང་དུ་ཤོར་བས། པཱ་ལགས་ཁོང་ནས“བུ། སེམས་སྡུག་བྱེད་མི་དགོས། མི་ཚང་མ་འདི་ལྟར་འཛོམས་པའི་མཐའ་མར་བྲལ་དགོས་རེད། ང་རང་ཤི་རྒྱུར་གཏན་ནས་སྐྲག་གི་མི་འདུག ངས་སྐྱེས་ཆེན་དམ་པ་མང་པོ་དང་གནས་ཆེན་མང་པོ་ཞིག་མཇལ་མྱོང་ལ། མི་ཚེ་འདིར་ངས་རྐང་བཙུགས་ཏེ་མི་གཞན་ལ་གནག་སེམས་གནོད་སེམས་ཀྱང་གཏན་ནས་བྱེད་མ་མྱོང་། ངའི་རེ་བར་ཁྱེད་ཚོ་སྤུན་མཆེད་བར་དང་། བཟའ་ཚང་ཕན་ཚུན་འཆམ་མཐུན་བྱེད་དགོས་པ་དང་། རང་གི་སྒྱུག་ཕོ་སྒྱུག་མོ་ལའང་རང་གི་སྐྱེས་པའི་ཕ་མ་ལྟར་ཞབས་ཕྱི་གང་ལེགས་སྒྲུབ་དགོས། བུ་རང་ཚེ་མཇུག་ལ་སྐྱིད་པོ་ཡོང་ངེས་རེད། ངས་དུས་དང་རྣམ་པ་ཀུན་ཏུ་དཀོན་མཆོག་ལ་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། ཕ་མའི་སྨོན་ལམ་ཡིན་པས་གཏན་གཏན་འགྲུབ་ངེས་རེད”ཅེས་གསུངས་བྱུང་།
ཁོང་ཚེ་ལས་འདས་རྗེས་ཡུལ་སྲོལ་ལྟར་དགའ་ཉེ་སྤུན་གྲོགས་དང་གྲོང་པ་ཁྱིམ་མཚེས་ཚོས་སྐུ་ཕུང་གདན་འདྲེན་ཞུ་སྐབས། ཚང་མས་ཁྱེད་ཤོར་ང་ཤོར་གྱིས་རྩོད་པར་བྱེད་པ་ངས་མངོན་སུམ་དུ་མཐོང་བ་མ་ཟད། པཱ་ལགས་ཁོང་ཚེ་ལས་འདས་ཏེ་ལོ་མང་སོང་ཡང་ཁོང་གི་སྐོར་གླེང་སྐབས། མི་ཚང་མས་ཁོང་ནི་མི་བླ་མ་དཀོན་མཆོག་ཅིག་དང་བྱང་ཆུབ་སེམས་དཔའ་རང་རེད་ཅེས་བསྔགས་པར་བྱེད་པས། དེ་སྔ་ངས་པཱ་ལགས་ཁོང་གིས་གནང་བའི་ཕྱག་ལས་མང་པོ་ཞིག་ནི་སྙིང་པོ་མེད་པའི་བྱ་བར་སྣང་མོད། རྗེས་སུ་ངས་ང་རང་གིས་དེ་སྔའི་བསམ་བློའི་གཏོང་ཕྱོགས་དང་། ལྷག་པར་དུ་པཱ་ལགས་ཁོང་གི་ཕྱག་ལས་གནང་སྟངས་དང་། འཚོ་བར་འཛིན་པའི་གཏན་ཚིགས་ལ་འགྱུར་ལྡོག་ངེས་ཅན་བྱུང་སོང་། གང་ཡིན་ཟེར་ན་མི་མང་པོ་ཞིག་གསོན་མི་ཡུལ་ལ་ཡོད་དུས། མི་གཞན་གྱིས་རྒྱུ་དངོས་པོ་དང་དབང་གྲགས་ལ་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས། སེམས་གཏིང་ནས་མ་འདོད་བཞིན་དུ་ཁ་འཚེར་འཚེར་དང་གུས་ཞུམ་ཞུམ། དེ་བཞིན་གཅམ་བུའི་ཚིག་གིས་བསྟོད་པར་བྱེད་ཀྱང་། མི་དེའི་དབང་གྲགས་ཉམས་པའམ་འཇིག་རྟེན་མི་ཡུལ་ལས་འདས་རྗེས། ངན་སྨྲས་ཚིག་མཚོན་འདེབས་པར་བྱེད་མོད། ངའི་པཱ་ལགས་ཁོང་ནི་དེ་ལས་ལྡོག་པ་སྟེ་མི་ཡུལ་འདིར་འཚོ་བཞུགས་སྐབས། གཞན་ཕན་ལྷག་བསམ་དཀར་པོའི་སེམས་ཤིག་ལས། རྒྱུ་དངོས་པོ་དང་དབང་གྲགས་པ་གང་ཡང་མེད་པའི་སྐྱེ་བོ་ཕལ་པའི་ནང་གི་ཕལ་པ་ཞིག་ཡིན་མོད། ཁོང་འཚོ་བཞུགས་སྐབས་མི་སྙན་གཏམ་གྱིས་ངན་སྨྲས་བྱེད་མཁན་བྱུང་མྱོང་མེད་ལ། ཚེ་ལས་འདས་རྗེས་ཀྱང་བསྟོད་པའི་ཚིག་ལས་མི་སྙན་སྦྲང་སྐད་ཙམ་ཡང་བཤད་མཁན་བྱུང་མ་མྱོང་། ངའི་བསམ་པར་སྐྱེ་བོ་གང་ཞིག་འཇིག་རྟེན་མི་ཡུལ་འདིའི་སྟེང་མིང་དང་གྲགས་པ་གཉེར་མི་ཐུབ་ཀྱང་། མཐའ་མར་མི་ཡུལ་ལས་བྲལ་དུས་མི་དེ་མི་ཡག་པོ་ཞིག་རེད་ཟེར་བའི་བསྡོམས་ཚིག་ཅིག་འཇོག་ཐུབ་ནའང་དེ་ནི་གཟི་བརྗིད་ཆེན་པོ་ཞིག་ཏུ་བརྩི་ཆོག་བསམས།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣