དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ༄༅།།གྱེས་བྲལ་གྱི་ཞུ་མཆིད། ལྷག་བསམ་གྱི་རང་མདངས། །

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བློ་བཟང་ཕུན་ཚོགས།   |     སྤེལ་དུས།  2015-02-15

    དབྱངས་གསལ་སོ་བཞིའི་སྙན་འཇེབས་ཀྱི་མཉམ་དཀྲོལ་རོལ་མོའི་འགྱུར་ཁུག་གི་ཀློང་ན། བྱམས་བརྩེའི་འཛུམ་གྱིས་བསུ་བའི་དྲིན་ཆེན་དགེ་བའི་བཤེས་གཉེན་ཉིད་ནམ་ཞིག་དྲན་པའི་དབུས་སུ་གསལ་ལྷང་ངེར་འཆར་སྐབས། དྭངས་གཙང་ཆུ་མིག་ཅིག་གིས་སྣ་མང་སྐྱེ་འགྲོའི་སྐོམ་གདུང་སེལ་བའི་དགེ་བ་ཡོངས་སུ་དྲན་འོང་།

    ཅི་འདྲའི་རིང་ལ་ཅི་འདྲའི་ཐུང་བའི་མཐོ་འབྲིང་ལོ་གསུམ་གྱི་སློབ་གྲྭའི་འཚོ་བའི་ནང་། བགྲང་བྱ་གསུམ་གྱི་གོང་རོལ་ན་ཐོག་མར་རྒྱུས་མངས་དབེན་པའི་མི་བུ་ཚོ་མ་བོས་མགྲོན་པོ་ཇི་བཞིན་ཕྱོགས་བཞི་མཚམས་བརྒྱད་ནས་གཅིག་ཏུ་འཛོམས་ཤིང་། ད་ཆའི་དགེ་སློབ་ཀྱི་བརྩེ་སེམས་འོ་ཆུ་བཞིན་འདྲེས་པའི་བར་དུ། དྲག་ཆར་རླུང་འཚུབ་དང་ཁ་ཆར་བུ་ཡུག་སོགས་ཀྱི་དགའ་སྐྱོ་སྣ་ཚོགས་བརྒྱུད་མྱོང་ལ། དྲོད་འཇམ་ཉི་མའི་བདུད་རྩི་འཐུང་བཞིན། མཛེས་སྡུག་ལང་ཚོའི་ངོ་མཚར་དཔལ་ཡོན་གྱི་འདབ་བརྒྱད་པད་མ་ལྷུག་པོར་གྲོལ་ཡང་མྱོང་།

    དེ་ཡང་འུ་ཚོའི་ལག་ཟུང་གིས་བཏེགས་པའི་ཕུགས་བསམ་གྱི་ཁྱེའུར། ཤེས་རིག་གི་གཤོག་རྩལ་གནང་བའི་སྦྱིན་པའི་བདག་པོ་ནི། ཁྱེད་ཅག་ལས་སུ་ཞིག་ཡོད་མིན་ཏེ། ཁྱེད་ཅག་ནི་དོ་ཟླ་བྲལ་བ་ཁོ་ནའོ། རེད་ཨང། འུ་ཚོས་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་མ་འོངས་ཀྱི་ལམ་བུར་རྒྱང་སྐྱོད་ཐུབ་པ་ཡང་། ཁྱེད་དང་ཁྱེད་འདྲ་བའི་དགེ་བའི་བཤེས་གཉེན་དག་གི་གཡུར་དུ་ཟ་བའི་གྲུབ་འབྲས་ཏེ། ཁྱེད་ཅག་གི་དཀའ་སྤྱད་འབད་བརྩོན་དང་ཐུགས་ཁུར་ཚད་མེད་འོག་ལས་བྱུང་བ་འབའ་ཞིག་ལགས།

    བཀའ་དྲིན་ཆེའོ། དགེ་བའི་བཤེས་གཉེན་ལགས། དབང་ཕྱོགས་གངས་རི་མཐོན་པོའི་སྤོ་ནས་མཁའ་ལ་འཕགས་པའི་ཉིན་བྱེད་དབང་པོ་འདྲེན་བྱེད་ལམ་དུ་ཤར་ཚེ། བདག་གིས་ཁྱེད་ཉིད་ཀྱི་གཞལ་དུ་མེད་པའི་བཀའ་དྲིན་དྲན་ངེས་ཤིང་། ཐུགས་བཅག་གནང་རོགས། དགེ་བའི་བཤེས་གཉེན་ལགས། ཁྱེད་ཉིད་ནམ་ཡང་སྐུ་འཚོ་གསལ་ཐང་ངང་བདེ་བར་བཞུགས་པའི་འཕྲིན་བཟང་ཐོས་ཚེ། ནམ་མཁའི་རྔ་བོ་ཆེ་བརྡུངས་པའི་སྒྲ་ཉིད་མདོངས་མཐའ་ཅན་གྱིས་ཐོས་པ་ལྟར་བདག་ཡིད་སྤྲོ་བས་ཁེངས་ངེས། རྗེས་སུ་མཇལ་ཡོང་། དགེ་བའི་བཤེས་གཉེན་ལགས། ང་རང་ནམ་ཡང་ཁྱེད་ཀྱི་སློབ་བུ་ཡིན་པ་དྲན་དུས། སྤོབས་པས་རི་ཡི་རྒྱལ་པོ་རི་རབ་ཀྱི་ཁེངས་པ་ཡང་བསྙིལ་བར་ནུས་སོ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།