དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ༄ཀ་ཕྲེང་ཀློང་གི་རིག་འཛིན་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ གྲ་གཉེན་ཚེ་རྒྱལ།   |     སྤེལ་དུས།  2015-02-15

    ཀ་ཅི་དཀར་པོའི་དཔལ་ལས་བལྟམས་པའི་རྩུབ་རེག་བྲལ་བའི་གཤིས་བཟང་མ། །

    ཁ་འབྲས་གེ་སར་པདྨོ་འཛུམ་ཞིང་སྙིང་དུ་སྡུག་པའི་ཡིད་འཕྲོག་མ། །

    ག་བུར་ལྟར་དཀར་ལྷག་བསམ་དྲི་བྲལ་ཆུང་ནས་འདྲིས་པའི་ཆུང་འདྲིས་མ། །

    ང་ཡི་རྣམ་ཤེས་འཕྲོག་པར་བྱེད་པའི་ཡིད་དུ་འོང་བའི་ཆོམ་རྐུན་མ། །

    ཅ་ཅོ་དབེན་པའི་འཇམ་པོའི་ངག་ལས་སྙིང་གཏམ་ཟབ་པའི་གཏན་གྲོགས་མ། །

    ཆ་ལུགས་ཀུན་སྤྱོད་ལྷག་པར་གཙང་བ་དྲི་ཟའི་ཡུལ་གྱི་འཇོ་སྒེག་མ། །

    ཇ་ཡུན་ཙམ་ཡང་བྲལ་བར་མི་ཕོད་དྲན་གདུང་ཀློང་གི་སྡོང་གྲོགས་མ། །

    ཉ་གང་ཟླ་བཞིན་འཛུམ་པའི་སྟེང་ན་ཚོན་འབག་བྲལ་བའི་དྭངས་གཙང་མ། །

    ཏ་ལེར་བདག་ཡིད་སྐྱོ་སྣང་རྦ་རླབས་ཅིག་ཅར་སེལ་བའི་མཁྱེན་ལྡན་མ། །

    ཐ་དད་ཤེས་བྱ་རིག་པའི་གནས་རྣམས་ཁོང་དུ་ཆུད་པའི་ཤེས་ལྡན་མ། །

    ད་དུང་བདག་གི་སློབ་སྦྱོང་སོགས་ལ་ཐུགས་འཁུར་ཟབ་པའི་བྱམས་ལྡན་མ། །

    ན་སོ་རྒན་དར་གཞོན་གསུམ་ཀུན་ལ་མཐུན་སྒྲིལ་ཟབ་པའི་མཛའ་མཐུན་མ། །

    པ་ལོ་རིང་པོ་སྐེད་ཕྲའི་ངོས་སུ་ལྷུག་པོར་དཔྱངས་པའི་མཛེས་ལྡན་མ། །

    ཕ་རོལ་དགྲ་བོའི་སྙིང་ཁམས་དམར་པོ་མེ་རུ་བསྲེག་མཁས་མཐུ་ལྡན་མ། །

    བ་སྤུ་གཡོ་བའི་སྙིང་གཏམ་མངར་མོ་ལྷུག་ལྷུག་འཇོ་མཛད་སྙིང་སྡུག་མ། །

    མ་ཡུམ་ཇི་བཞིན་བརྩེ་བའི་ཕྱི་ཐག་ཡུན་དུ་ཟབ་པའི་བརྩེ་ལྡན་མ། །

    ཙ་ན་ཡིན་ཡང་བཟང་པོའི་སྤྱོད་པར་བརྟུལ་ཞུགས་འཛིན་པའི་རིག་འཛིན་མ། །

    ཚ་ཟེར་གཉེན་བཞིན་ལང་ཚོའི་མེ་ཏོག་འདབ་རྒྱ་གྲོལ་བའི་ན་ཆུང་མ། །

    ཛ་ཛོར་སྤྱོད་པའི་གཡའ་དང་བྲལ་བ་བདག་ཡིད་རྒྱན་གཅིག་མཛངས་ལྡན་མ། །

    ཝ་ལེར་བདག་གི་བསམ་པའི་དོན་ཀུན་ཅིག་ཅར་སྒྲུབ་མཁས་འདོད་འཇོ་མ། །

    ཞྭ་མོ་ཟུར་གྱོན་རབ་རྨོངས་བདག་གི་མིག་དཔེར་གྱུར་བའི་ཚད་ལྡན་མ། །

    ཟ་ཟིའི་ངང་ནས་ཁྲོམ་སྲང་མྱུལ་བའི་ཁེར་རྐྱང་བདག་གི་འདུག་གྲོགས་མ། །

    འ་འུར་འཚོ་བའི་ལམ་བུའི་སྟེང་ནས་ལས་ཀྱིས་འཕྲད་པའི་ལས་ཅན་མ། །

    ཡ་ཆུང་སེམས་པ་རྣམ་དཀར་དགེ་བས་རབ་ཏུ་ཕྱུག་པའི་སེམས་དཀར་མ། །

    ར་རིའི་དྲི་བྲལ་ལྷད་བྲལ་བརྩེ་སེམས་ཡུན་དུ་གནས་ཤོག་ཡིད་འོང་མ། །

    ལ་ལུང་མང་པོ་འཕྲེད་དུ་བཅད་ནས་གནས་འདིར་ཕེབས་ཤོག་སྙིང་ཉེ་མ། །

    ཤྭ་འོད་བརྡོལ་འདྲའི་འཕྲིན་པ་སྣ་ཚོགས་གནས་འདིར་སྤྲིངས་ཤོག་རིགས་བཟང་མ། །

    ས་སྟེང་འདི་ན་ཁེར་རྐྱང་བུ་ལོས་ཁྱོད་ཉིད་དྲན་ཡོད་ལུས་ཕྲ་མ། །

    ཧ་ཅང་བརྗོད་འདོད་སྙིང་གཏམ་མང་པོ་ད་དུང་ལུས་སོ་ཡིད་གཅུགས་མ། །

    ཨ་ཕོའི་མ་བྲིས་སྙིང་གི་རི་མོ་ཤོང་ཐབས་བྲལ་ལོ་ཟླ་བཞིན་མ། །

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།