དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ༄༅།།ལྷ་ས།།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བུ་ཚེ་རིང་རྒན་པ།   |     སྤེལ་དུས།  2015-02-15

    xz20150215dt1.jpg

    ལྷ་ས། སེམས་ཀྱི་ཞེན་ཆགས་དང་ཡིད་ཀྱི་འབོད་པ་དེ་ཡིན། ལྷ་སར། བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་བརྗིད་ཆགས་ཕོ་བྲང་དམར་པོ་ཡོད་ལ། འོད་ཟེར་གྱི་དཀྱིལ་འཁོར་དང་འཇའ་ཚོན་གྱི་གུར་ཁང་བཞིན་མཛེས་པའི་ནོར་བུ་གླིང་ཁ་ཡོད། ལྷ་སར། དད་ལྡན་མང་ཚོགས་ཀྱི་སེམས་ཀྱི་གནས་ཁང་གཙུག་ལག་ཁང་ཆེ་ཆུང་ཡོད་ལ། ལྷ་སར། གཙུག་ལག་ནོར་བུའི་བང་མཛོད་སེར་འབྲས་དགའ་གསུམ་ཡོད། ལྷ་སར། ལོ་རྒྱུས་དམངས་སྲོལ་གྱི་མེ་ལོང་བར་སྐོར་དང་ཁྲོམ་གཟིགས་སྒང་ཡང་ཡོད།

    ལྷ་ས། སེམས་ཀྱི་འཆར་སྣང་དང་ཡིད་ཀྱི་འདུན་པ་དེ་ཡིན། ལྷ་སར། མི་ཚོགས་གྲོག་ཚང་བརྡོལ་བ་ལྟར་ཡོད་ཅིང་། མཐོ་དགུང་སྔོན་དབྱིངས་སུ་བྱ་ཁྱུང་འདྲ་བའི་ལྕགས་བྱ་ལྡིང་འཁོར་ལ་བྲེལ་ལ། དོག་མོ་ས་གཞིའི་སྟེང་ན་གཡུ་འབྲུག་སྔོན་མོའི་འཁྱུག་འགྲོས་མྱུར་ཞིང་། འཕྲེད་གཞུང་སྡོམ་དྲའི་སྟེང་དུ་སྣ་ཚོགས་འཕྲུལ་རིགས་ཀྱིས་ཁེངས་ནས་ཡོད།

    ལྷ་ས། སེམས་ཀྱི་དམིགས་པ་དང་ཡིད་ཀྱི་གཏད་ས་དེ་ཡིན། ཕོ་བྲང་དམར་པོའི་མདུན་དུ་ལངས་དུས། ང་རང་མིག་མེད་གྲོག་མ་ལྟ་བུའི་ཉམས་ཞན་ནུས་མེད་ཅིག་དང་། རྫོང་རྒྱབ་ཀླུ་ཁང་ནས་པོ་ཏ་ལར་ཅེར་དུས། རང་སེམས་ཀླུ་དབང་རྒྱལ་པོའི་ཕོ་བྲང་བཞིན་དུ་དབེན་འཇགས་ལ་གནས་ཐབས་མི་འདུག ཉམས་ཆུང་གི་ང་རང་། ནུས་མེད་ཀྱི་ང་རང་། ཉམས་ཞན་གྲོག་མ་ཞིག་གི་རང་ཚུགས་འཛིན་ན། ཕོ་བྲང་གི་གཡས་གཡོན་ལ་འཁོར་བའི་དད་ལྡན་གྱི་མི་ཚོགས་དེ་དག དམིགས་པ་དང་ཁ་ཕྱོགས་མི་མཚུངས་ཤིང་འདུར་རྒྱུག་ལ་བྲེལ་བའི་མིག་མེད་གྲོག་མའི་ཚོགས་ནི་ཨེ་ཡིན།

    ལྷ་ས། རྨི་ལམ་ལྟ་བུའི་བག་ཆགས་ཤིག་དང་འཇའ་ཚོན་ལྟ་བུའི་སེམས་འདུན་དེ་ཡིན། ལྷ་ས། ཆུང་དུས་ཨ་མས་སྟེར་བའི་ཞིམ་མངར་ནུ་ཞོ་དེ་ཡིན་པས། ངས་དྲན་སྣང་གི་གཤོག་ཟུང་བརྐྱངས་ཏེ་ཨ་མའི་མགུལ་ལ་དམ་པོར་འཁྱུད། ལྷ་ས། དྲོད་ལམ་ལམ་གྱི་ཨ་མའི་པང་ཁ་དེ་ཡིན་པས། ངས་བདེ་མོའི་པང་དུ་སྐྱིད་པོའི་རྨི་ལམ་ལ་རོལ་ཡོད། ལྷ་ས། བྱམས་དང་བརྩེ་བས་ཕྱུག་པའི་ཨ་མའི་འཛུམ་ཞལ་དེ་ཡིན་པས། ངས་རྒྱང་བཞུད་ཀྱི་རྐང་རྗེས་རེ་རེར་སྨོན་འདུན་བཟང་པོའི་མེ་ཏོག་གི་ཕྲེང་ཞལ་རེ་རེ་འཇོག་འདོད།

    ལྷ་ས། རྟག་བརྟན་གྱི་དྲན་ཤིང་ཞིག་དང་ནམ་དུས་ཤིག་གི་རྒྱང་འབོད་དེ་ཡིན། ཕོ་བྲང་དམར་པོའི་ཡང་སྟེང་དུ་ལངས་ཏེ། འདུ་ལོང་ཁྲོད་ཀྱི་ལྷ་སར་ཕྱོགས་སྐབས། སེམས་པ་དགུང་སྔོན་དབྱིངས་སུ་འཁོར་བའི་སྤྲིན་དཀར་གྱི་འཁྱུག་འགྲོས་ཇི་བཞིན་སྡོད་ཚུགས་མི་འདུག་ལ། འདུན་པ་རྒྱང་རིང་རྒྱང་རིང་ལ་ཕྱོགས་པའི་དྭངས་གསལ་སྐྱིད་ཆུ་བཞིན་དུ་བར་མེད་ལ་བཞུར་འགྲོ ཕོ་བྲང་དམར་པོའི་ཡང་སྟེང་དུ་ལངས་ཏེ། མིག་ལམ་དུ་འཆར་བའི་ཡུམ་ཆེན་འདྲ་བའི་སེམས་ཁོང་གི་ལྷ་ས། སྔར་ལས་དར་ཞིང་རྒྱས་པའི་སྨོན་ལམ་བཏབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།