དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ༄། ཨ་མ་ཉི་མ་སྙེ་མ་གསུམ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བསོད་ནམས།   |     སྤེལ་དུས།  2015-02-15

    དབྱངས་གསལ་སོ་བཞིའི་བྱེད་ནུས་གཞོཊ་འདེཊ་སྔོན་རྗེས་རྣམ་གཞག་ཁྱད་པར་གསལ། །

    ལེགས་བཤད་ལྗོན་དབང་བརྡ་སྤྲོད་གཞུང་གིས་ནམ་མཁའི་ནོར་བུའི་དཔལ་ལ་འགྲན། །

    གཞུང་དོན་གཅིག་ལ་རྒྱས་བཤད་སྣ་ཚོགས་གཞུང་ལུགས་ཆུ་སྐྱེས་འདབ་སྟོང་གྲོལ། །

    རིག་པའི་དཔའ་བོའི་འགྲན་གླེང་ཟབ་པའི་གེ་སར་བཅུད་ཀྱིས་བདག་བློ་མྱོས། །

    སྔོན་འཇུག་རྟགས་ཀྱི་དབྱེ་བ་རབ་འབྱེད་འཇུག་བྱ་འཇུག་བྱེད་ཅིའི་ཕྱིར་འཇུག །

    བྱེད་པ་རྣམ་བཞིའི་མཛུབ་སྟོན་ཟབ་མོས་འཁྲུལ་གཞིའི་མུན་སེལ་བརྡ་དོན་གསལ། ། 

    ཕོ་མོ་མ་ནིང་སྒྲ་གདངས་དྲག་ཞན་བདག་གཞན་དུས་གསུམ་བློ་ལ་འཛིན། །

    དཀའ་གསལ་མེ་ལོང་ཡིད་ལ་འཆར་བཞིན་རྩོམ་ཚིག་རྨང་གཞི་ཡང་དག་བཏིང་། །

    བརྗོད་དོན་སྲོག་གི་གསོན་ཉམས་འདོན་པར་སྙན་ངག་ཚིག་སྦྱོར་རྒྱན་ཆ་མཁོ། །

    སྙན་གཞུང་མེ་ལོང་གཞུང་ལུགས་ཟབ་མོ་བདག་བློས་གཞལ་བར་མི་སྤོབས་ཀྱང་། །

    རིག་པས་འཆུན་པའི་ཚིག་རྒྱན་ཅུང་ཟད་ཨ་མ་ཉི་མ་སྙེ་མ་གསུམ། །

    དྲིན་དུ་ཚོར་བའི་བཅོས་མིན་སྨྲ་བརྗོད་མིག་ཡིད་རྣ་བའི་སྟོན་མོར་བཤམས། །

    གཅིག ཨ་མ་ །

    བུ་ཕྲུག་སྐྱོང་ལ་འཚོ་བའི་ཁྲེས་པོས་ཇི་ཙམ་མནན་ཡང་བཟོད་པས་ཐེག །

    ཡིད་ཐང་ཆད་པའི་བཞིན་རས་མོག་པོ་ཕ་མཐར་བསྐྲད་པའི་འཛུམ་ཞལ་མངོན། །

    ཤེད་ཤུགས་ཉམས་ཀྱང་ཁྱར་ཁྱོར་གོམ་པས་འཇིག་རྟེན་བྱ་བའི་ཁྲོད་དུ་ཞུགས། །

    དབུགས་ཀྱི་རྒྱུ་བ་ཚད་དུ་འཛུགས་པའི་དྲིན་ཅན་སྐྱེད་མ་མཆོད་པའི་གནས། །

    ལོ་ཆུང་བསམ་ཤེས་ཕྲ་བའི་སྤྱོད་རྩུབ་སྙིང་ཁམས་དཀྲུག་པའི་དགྲར་གྱུར་ཀྱང་། །

    ཞེ་སུན་ཁྲོ་གཉེར་བཞིན་ལ་མི་མང་ངག་འཇམ་བསླབ་བྱའི་གསུང་སྒྲོས་ཟབ། །

    སྐྱོང་བཞིན་སྐྱོང་བཞིན་བུ་དང་བུ་མོ་འཇིག་རྟེན་མི་ཁྱུར་འདྲེས་པའི་ཚེ། །

    བྱས་པ་ཅན་གྱི་སྐྱེད་མའི་སྤོབས་སེམས་བླ་ན་མི་འཕགས་སུས་བརྗོད་ནུས། །

    རང་གིས་བསྲི་ནས་གཅེས་ཕྲུག་བསྐྱངས་ཏེ་བུ་ཕྲུག་ལང་ཚོ་དར་ལ་བབས། །

    སེམས་ཀྱི་འཁོར་རྒྱ་ལུས་ཀྱི་ཤེད་ཤུགས་ཐོགས་མེད་གཤོག་རྩལ་རྒྱས་གྱུར་ཅིང་། །

    ཕ་མའི་ན་སོ་རྒས་པ་མཐོང་བཞིན་བུ་ཚས་སྣང་བར་མི་འཇོག་ཀྱང་། །

    མགོ་འདོན་འཚོ་སྐྱོང་བྱས་ཡུས་མེད་པ་མ་ཡུམ་རྗེ་བཙུན་སྒྲོལ་མ་དངོས། །

    གཏམ་དང་ཡིག་རྩིས་མཁས་དང་མི་མཁས་བྱད་བཞིན་ལེགས་ཉེས་སྣ་ཚོགས་པ། །

    འཇོན་ཐང་ལྡན་དང་མི་ལྡན་ལ་སོགས་མི་ཡི་ཁྱད་པར་ཇི་ལྟར་ཡང་། །

    རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ལེགས་པར་བརྩི་བའི་མཐོང་ཆོས་ཏེ། །

    ཨ་མ་རང་འདོད་ཆེ་བ་མིན་གྱི་བུ་ལ་བརྩེ་བར་སུ་ཡིས་བསྙོན། །

    བུ་ཡི་མི་ཚེའི་མདུན་ལམ་སླད་དུ་གཞན་གྱི་ཁེངས་དྲེག་ཁོག་ཏུ་མིད། །

    ཉམ་དམའི་གནོན་ཤུགས་སྣང་བར་མི་འཇོག་སྨྲ་མཁས་ཞུ་དོན་གནད་ལ་སྐྱེལ། །

    དཔལ་འབྱོར་འཁོས་ཀ་ཇི་ལྟར་ཞན་ཡང་གཏོང་ཕོད་བློ་གཤོགས་ཆེ་བ་ཡི། །

    དྲིན་ཅན་ཨ་མའི་བཀའ་དྲིན་མི་ཚོར་འཇིག་རྟེན་འདི་ན་ཅང་སྲིད་དམ། །

    རང་གི་ཤ་ལས་མཆེད་པའི་བུ་ཕྲུག་མི་འདོད་ནད་ཀྱིས་མནར་བའི་ཚེ། །

    གཞལ་དུ་མེད་པའི་སེམས་ཁྲལ་ལྕི་པོས་མཚན་མོའི་གཉིད་ཀྱང་རྒྱང་དུ་བསྐྱུར། །

    གཞན་འགན་དང་དུ་ལེན་པ་ཇི་བཞིན་བུ་ཡི་ནད་གཞི་རང་ལུས་ཀྱིས། །

    ལེན་ན་ཆོག་པའི་ཐབས་ཤིག་འབྱུང་རེའི་སྐྱེད་མའི་བརྩེ་བར་སུ་ཡིས་དོ། །

    མ་བུའི་བརྩེ་དུང་ཟབ་མོ་འཛིན་པར་རྒྱུ་འབྲས་གནས་ལུགས་རྟོགས་པར་བགྱིས། །

    ཚེ་རབས་འདི་ཡི་འདྲེན་བྱེད་ལམ་དུ་འགྱུར་མེད་རླབས་ཆེའི་གཟུགས་བརྙན་ཏེ། །

    བུ་ཡི་གཏམ་སྤྱོད་ཡོན་ཏན་ལེགས་ཕྱིར་རང་ཉིད་བློས་གཏོང་ཕོད་པ་ཡི། །

    མ་ཡུམ་བྱང་ཆུབ་སེམས་དཔའ་མཇལ་ནས་དད་སེམས་སྐྱེས་འདི་བུ་བཟང་ཡིན། །

    རིན་ཆེན་དང་གཉིས་བྱུར་བུར་སྤུངས་པས་ཨ་མའི་བཀའ་དྲིན་གཞལ་ནུས་མིན། །

    ཕྲག་པའི་སྟེང་དུ་སྐྱེད་མ་བཏེགས་ནས་གླིང་བཞི་བསྐོར་ཡང་དྲིན་མི་གཟོ། །

    ཚེ་སྟོད་བུ་ཕྲུག་འབའ་ཞིག་བསམས་ཏེ་མི་ཚེ་རྒས་པའི་སྐྱེད་མའི་དྲུང་། །

    གུས་པའི་ཕྱག་འཚལ་འབུམ་གཏེར་བརྩེགས་ནས་ཨ་མ་མཉེས་པའི་སྟ་གོན་བྱོས། །

    བསམས་བཞིན་ཡིད་ལ་གོ་ཤེས་ལྡན་ཚེ་སྐྱེད་མ་མཉེས་པའི་གཏམ་སྙན་གསོལ། །

    བསམས་བཞིན་དྲིན་ལན་གསོལ་དགོས་སྙམ་ཚེ་ཟས་ཞིམ་ཕུལ་ནས་ཨེ་མཉེས་ལྟོས། །

    བསམས་བཞིན་སྐྱེད་མ་རྒས་པའི་འཕྲང་ལམ་ཚེ་མཇུག་བདེ་ལ་འགོད་པའི་ཕྱིར། །

    གནོང་འགྱོད་མེད་པའི་བཀུར་བསྟི་ཟབ་མོ་བུ་ཕྲུག་ཀུན་གྱི་འོས་སུ་བབས། །

    གཉིས། ཉི་མ།

    སྐད་ཅིག་ཙམ་ཡང་དབུགས་ངལ་མི་གསོ་གླིང་བཞི་བསྐོར་བའི་ཞབས་སོར་བསྐུལ། །

    འཇིག་རྟེན་ཁྱིམ་གཞིས་ཆེན་པོ་སྐྱོང་བའི་འོད་འབུམ་འཚེར་བའི་ཞལ་ཁྱིམ་འཛུམ། །

    སྲོག་ཆགས་ཐམས་ཅད་དྲོད་ཀྱིས་སྐྱོང་བའི་མ་བསྐུལ་འོས་འགན་ཕྲག་ཏུ་འཁུར། །

    ཕྱོགས་རིས་བྲལ་བའི་བྱམས་བརྩེ་ཅན་གྱི་མཚན་བཟང་ཁྲི་གདུགས་ཉི་མར་གསོལ། །

    ཡན་ལག་བརྒྱད་ལྡན་ཆབ་དང་ཆར་སིམ་རྐང་འཐུང་གསོས་ལ་དྲོད་མཁོ་ཚེ། །

    ཉི་ཟེར་འོད་སྟོང་དུས་ཐོག་འཕྲོས་ཏེ་སྐྱེ་དངོས་འདབ་སྟོང་ལྷུག་པོར་གྲོལ། །

    འབྲས་ལྡན་ཤིང་བཟང་འབྲས་བུས་ལྕི་སྟེ་བྱ་བྱིའུ་གཤོག་བརྡབས་སྤུ་ལོང་གཡོ། །

    སྲོག་གི་རྒྱུ་བ་ཐོགས་པ་ཀུན་གྱིས་རྟ་ལྗང་ཅན་གྱི་བརྩེ་སེམས་ཚོར། །

    སྒྲ་ཅན་གཟའ་ཡིས་འོད་སྟོང་ཅན་གྱི་སྐུ་ལ་བར་ཆད་གཏོང་བ་འམ། །

    གོ་ལའི་བགྲོད་ཀྱི་གྲིབ་བཟོ་ཕོག་ནས་ནོར་འཛིན་ཡུད་ཙམ་སྒྲིབ་ཉེན་གྱིས། །

    ཉིན་བྱེད་དགུང་སྔོན་དབྱིངས་ནས་བྲལ་ཕྱིར་འཚོ་ཐབས་དབེན་པའི་དོན་རྟོཊ་དུས། །

    ཨ་ཧོ་འཇིག་རྟེན་སྐྱོང་བའི་མགོན་པོ་ཚ་ཟེར་ཅན་གྱི་གཟི་བརྗིད་མངོན། །

    འབྱུང་གཞིའི་བྱེད་ལས་དགུན་གྱི་ཁ་བས་རི་ཀླུང་ཐམས་ཅད་དཀར་པོར་བསྒྱུར། །

    ལྷུང་ལྷུང་རྒྱུ་བའི་དལ་འགྲོའི་རྒྱུན་གྱིས་འཁྱག་རོམ་འགབ་ཏུ་ཡིབ་ནས་རྒྱུ། །

    སྲོག་ལྡན་ཀུན་ལ་གྲང་བའི་རེག་བྱས་འདར་འཁུམས་བཟོད་དཀའི་དུ་ཁ་སྦྱིན། །

    ནམ་མཁའི་མཐོངས་སུ་བྱོན་པའི་ཉི་མ་གྲང་བའི་འཇིགས་སྐྱོབ་བཀའ་དྲིན་ཆེ། །

    མིའི་རིགས་འཚོ་གནས་ཚེ་ཡི་འདུ་བྱེད་སྟོངས་ལ་རྩེན་པའི་ནད་ཀྱི་སྲིན། །

    ཤ་ཡི་མིག་གིས་མཐོང་བར་དཀའ་བས་འཛིན་མའི་གང་སར་ཉུལ་བ་ཡིས། །

    སྲོག་ལ་རྔམ་པའི་ནད་འབུའི་དཔུང་ཚོགས་བགྲང་བས་མི་ཟིན་གྲམ་པའི་ཚོགས། །

    སྨག་རུམ་དགྲ་དང་པད་མའི་གཉེན་མཆོག་ཉིན་བྱེད་འབར་བས་བསྲེགས་འདི་བརྗིད། །

    ཚན་རིག་ལག་རྩལ་བསྟན་པ་ཡར་དར་འཕྲུལ་ཆས་སྒྱུ་མས་གར་སྟབས་བསྒྱུར། །

    མི་ཡི་སེང་གེའི་བློ་གྲོས་རྩལ་ལ་ཉི་མའི་ཁྱད་ཡོན་དམ་དུ་འགྲོགས། །

    འོད་ཀྱི་དྲ་བའི་དཔག་མེད་ཡོན་ཏན་འཇུངས་པ་བྲལ་བཞིན་རྒྱུན་དུ་བསྲིངས། །

    ཉི་གློག་ཉི་ཐབ་ནུས་རྒྱུ་བསྲི་བའི་མཛད་རྗེས་མི་མུས་རྒྱུད་དུ་བཞག

    ཆར་ལྡན་དུས་སུ་འབྱུང་བ་ས་ཡི་དྲོད་ཚད་འཕེལ་བ་བློས་མི་དཔྱོད། །

    དུས་བཞིའི་མཐའ་མར་གྲང་ངད་ལྡན་པའི་འབྱུང་བཞིའི་འཁོར་ལུཊ་རྟོཊ་པར་རྨོངས། །

    ཚ་བའི་དུས་སུ་དྲིན་ཅན་ཉི་མར་ངན་སྨྲས་ཚིག་རྩུབ་ཟུར་ཟ་བགྱིས། །

    ཚ་གྲང་འགྱུར་ལྡོག་མི་ཐེག་པ་ཡིས་ཉི་མར་ངན་སྨྲས་མཐོལ་ལོ་བཤགས། །

    རྟ་བདུན་དབང་པོ་ཚ་ཟེར་ཅན་དང་སྣང་བྱེད་མེ་ཟླུམ་པད་མའི་གཉེན། །

    ཁྲི་གདུགས་ཉི་མ་རྟ་ལྗང་ཅན་སོགས་དོན་གཅིག་མིང་གི་རྣམ་གྲངས་ཚོགས། །

    འགྲོ་བ་མི་ཡིས་བློ་གྲོས་བསྲུབས་པའི་ཉིང་བཅུད་མཚན་བཟང་འདི་སྐད་ཙམ། །

    ཚེ་སྲོག་འཚོ་བྱེད་ཉིན་བྱེད་དཔལ་ལ་གསོལ་འདི་ཅིས་ཀྱང་མི་འཚམས་སམ། །

    གསུམ། སྙེ་མ་།

    སྤྲེལ་རྒན་བྱང་ཆུབ་སེམས་རྒྱུད་ཡིན་ཞེས་མི་རྒྱུད་སྒྲུང་གཏམ་གྲགས་ནས་བཟུང་། །

    བོད་མིའི་འབྱུང་གནས་གཡོ་རུ་ལྷོ་ཁའི་སྦར་རས་ཞིང་ཁར་ནས་སོན་བཏབ། །

    བཅུད་ལྡན་ནས་ཀྱི་སྙེ་མའི་རྦ་རླབས་རིམ་གྱིས་གངས་ཅན་ལྗོངས་སུ་འཕྱུར། །

    ས་བབ་མཐོ་གྲང་ཁུལ་ལ་འཚམས་པའི་ནས་འབྲུའི་རྩ་བ་བརྟན་པོར་ཚུགས། །

    རི་སྔོ་ཆུ་གཙང་སྔོ་བསངས་མཁའ་འོག་སྦགས་བཙོག་བྲལ་བའི་ཞིང་ས་གཤིན། །

    ནས་ཀྱི་ས་བོན་རྩ་བ་ཚུགས་པས་ཁ་བ་རི་པའི་ལྟོ་གོས་འཕྱིད། །

    ཚལ་རིཊ་བཟའ་བཅའ་སྣེ་འཛོམས་མེད་ཀྱང་གཙོ་བོའི་ཟས་དེའི་འཚོ་བཅུད་ཟབ། །

    ཆ་རྐྱེན་ཞན་པའི་ལུང་ཁུག་མང་པོར་མི་ཚེ་རིང་བའི་ཕ་མེས་བཞུགས། །

    སྔོན་བྱུང་མི་རབས་ཤེས་རྒྱ་ཆུང་ཡང་རང་བྱུང་ཁམས་དང་འགྲོགས་པ་ཡི། །

    སོ་ནམ་མྱོང་བྱའི་ཡོན་ཏན་ཀུན་འཛོམས་འབྲུ་སྙེ་བསྐྱངས་པའི་ལག་རྗེས་བཞག

    དཀར་མོ་ནས་ཀྱིས་གཙོ་བོ་བྱས་པའི་གྲོ་དང་སྲན་མའི་རྒྱུད་ཀྱང་སྤེལ། །

    ཨ་མ་ཉི་མ་བཀའ་དྲིན་ཅན་དང་མཚན་སྙན་མཉམ་པ་སྒྲོ་བཀུར་མིན། །

    སྙེ་མའི་གྲ་ལོ་གོས་བཟང་ཕུད་པའི་འབྲུ་རྡོག་ཤེད་མོ་རྒྱས་པའི་ཕུང་། །

    མེར་བསྲེགས་བྱེ་མ་ལྷན་དུ་བརྔོས་པའི་འབྲུ་ལ་ཡོས་ཀྱི་མིང་ཞིག་བཏགས། །

    དྭངས་གཙང་ཆུ་རྒྱུན་བྲན་དུ་བཀོལ་བས་ཆུ་འཁོར་རྡོ་ལེབ་སྒོར་མོ་འཁོར། །

    ཡོས་ཕྱེའི་རྡུལ་དཀར་ཐུལ་ཐུལ་བབས་པར་འདོད་རྒྱལ་མིང་ཅན་རྩམ་པ་ཐོགས། །

    ཟ་སྤྱོད་ཤིན་ཏུ་བདེ་བའི་རྩམ་པས་སྤགས་དང་ཇ་ལྡུར་ཐུག་པ་བསྐོལ། །

    ཇི་ལྟར་བརྟག་ཀྱང་གནོད་བབ་མེད་པས་དོན་ལྔ་སྣོད་དྲུག་རབ་ཏུ་དགྱེས། །

    ཕྱི་ལུས་པགས་པར་འཇམ་འོད་ཐོན་ཞིང་ཟུངས་ནུས་ཤུགས་སྐྱེས་ཁྱད་དུ་འཕགས། །

    སྙེ་མ་ལས་བྱུང་འབྲུ་དང་རྩམ་པས་ལུས་སྟོབས་ཆེར་བསྐྱེད་ཚེ་སྲོག་བརྟན། །

    སྦགས་བཙོག་དྲི་བྲལ་ནས་འབྲུ་རྒྱགས་པ་བཙོ་སྦྱང་སྦང་གླུམ་ཞག་གཉིས་བསྙལ། །

    མངར་སྐྱུར་འཚམས་པའི་བྲོ་བ་དང་བཅས་སེམས་སྐྱིད་སྐོམ་སེལ་མཆོག་དེ་འཁྲུངས། །

    རོ་འཛིན་མྱོས་བཞིན་བཅུད་ཀྱི་བདུད་རྩིས་ལུས་ཀྱི་རྩ་གཞི་ཡོངས་ལ་ཞུགས། །

    གདུང་བ་ཅི་ཡོད་འཇའ་ལྟར་ཡལ་བའི་མགྲིན་ལས་བག་ཡངས་གླུ་གཞས་ཐོན། །

    འབྲུ་ཡི་རྡོག་པོ་གྲལ་དུ་སྟར་བའི་སྙེ་མ་སྨིན་པའི་གསེར་འོད་ཁྱབ། །

    རྫས་འགྱུར་མཉེན་པོ་ཅིས་ཀྱང་མི་དོ་རྩམ་པས་གཅིན་སྙི་ཟགས་ཁུ་སོགས། །

    ནད་ངན་བཅོས་དཀའ་འདུལ་བའི་གཏམ་བཟང་ས་ཡི་གོ་ལ་ཡོངས་ལ་ཁྱབ། །

    སྐྲ་ལྗང་མིག་སེར་སྣ་བོ་ཆེས་ཀྱང་རྩམ་པ་མངགས་ཉོ་བགྱི་བ་མཐོང་། །

    རྩམ་པའི་ཁྲོམ་རར་སྤུས་ཀ་དག་མིན་ཕན་ཚུན་འགྲན་པའི་མཐོ་རླབས་འཕྱུར། །

    པ་སྣམ་སྟོད་ལུང་གཞིས་རྩེའི་ལྷན་སོགས་དཀར་མོ་ནས་ཀྱི་འབྱུང་ཁུངས་ནས། །

    གདོད་མའི་འཐག་ལས་རིམ་པ་བརྒྱུད་པའི་གསོལ་ཞིབ་ཞིབ་རྩིང་སྣ་ཚོགས་ཐོན། །

    ཕྱུག་པོར་འགྱུར་བའི་སོ་ནམ་ཞིང་པའི་རྩམ་པར་སྨོན་པའི་བསྟོད་དབྱངས་མང་། །

    མཇུག་བྱང་ །

    གངས་ཅན་ཕ་མེས་ཡང་མེས་དུས་ནས་ཨ་མ་ཉི་མ་སྙེ་མ་གསུམ། །

    མེད་ཀྱང་འཚོ་གནས་ཐུབ་པའི་ཨ་མ་རང་གི་སྐྱེད་མ་ཡིན་ནོ་ཞེས། །

    དྲིན་ཅན་ཉི་མ་སྙེ་མ་གཉིས་ནི་མེད་ཕྱིར་འཚོ་གནས་བྲལ་བའི་དོན། །

    སྒྲོ་འདོགས་མིན་པའི་ཆོད་སྡོམ་བགྱིས་ཏེ་ཉི་མ་སྙེ་མ་གཙིགས་ཆེར་འཛིན། །

    འོན་ཏེ་ཚེ་སྲོག་སྦྱིན་པའི་སྐྱེད་མས་འཇིག་རྟེན་མི་རྒྱུད་འཛིན་པས་ན། །

    ཨ་མ་གསུམ་གྱི་བྱེད་ནུས་བྱམས་བརྩེ་དྲན་པའི་ངོས་སུ་འཛིན་བཞིན་དུ། །

    ཁྱད་ནུས་བཀའ་དྲིན་ཇི་བཞིན་བརྗོད་པའི་ཐོག་མར་སྐྱེད་མ་འདི་ཉིད་བཞག །

    འདི་ཀོས་དྲིན་ཅན་ཡིད་ལ་མངའ་བའི་དཔྱོད་ལྡན་རྣམ་པ་དགྱེས་གྱུར་ཅིག །

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།