ཚན་རིག་གིས་ཁྱེད་སྤྲོ་བ་འཕེལ་བར་སློབ། དེ་རིང་ཁྱེད་ཀྱིས་གཤམ་གསལ་གྱི་ཚན་རིག་དང་ལྡན་པའི་ལས་དེ་དག་བྱེད་དེ་དྲང་ནུས་ཀྱིས་སྐུལ་བའི་ཚོར་བ་ཞིག་སྟེར་ངེས་ཡིན། གལ་ཏེ་ཁྱེད་ཀྱིས་ཉིན་བདུན་རྒྱུན་འཁྱོངས་བྱ་ཚེ་ཁྱེད་ཀྱི་སེམས་ཁམས་ལ་མངོན་གསལ་གྱི་བདེ་བ་ཞིག་སྐྱེད་སྲིད།
1.བདེ་སྐྱིད་དང་ལྡན་པའི་ལས་དོན་དག་གལ་སྲིད་མ་ཐོན་པར་བསམ་པ།
གལ་སྲིད་ང་ཚོའི་བསམ་པའི་ནང་ཐོན་སྲིད་བསམ་པའི་ལས་དོན་དག་ཐོན་མི་སྲིད་ན་ང་ཚོའི་འཚོ་བ་གང་འདྲ་ཞིག་ཏུ་འགྱུར་མིན་ཐད་སྔོན་ནས་བསམ་བློ་གཏང་བ་སོགས་དེ་འདྲའི་བསམ་བློའི་གཏང་ཕྱོགས་ཀྱིས་ཁྱེད་ཀྱི་བསམ་པར་རྒྱགས་ཕྱེ་གང་མང་ཞིག་སྦྱིན་སྲིད། བསམ་བློ་གཏང་ཕྱོགས་དེ་འདྲས་ཁྱེད་ཀྱི་འཚོ་བའི་སྙིང་པོ་ཤེས་ཐུབ་ལ་ད་ལྟ་ཁྱེད་ལ་དབང་བ་དག་ལའང་འདོད་བློ་ཞིག་སྐྱེས་སྲིད་པས་བདེ་སྐྱིད་ལྡན་པའི་ལས་དོན་དག་གལ་སྲིད་མ་ཐོན་ན་ཇི་ལྟར་བྱ་ཞེས་པའི་བསམ་བློའི་གཏང་ཕྱོགས་དེ་ཁྱེད་ཀྱི་བསམ་པའི་རྒྱགས་ཕྱེ་ཞིག་མིན་ནམ།
2. ཐུགས་རྗེའི་ཞུ་ཡིག་ཞིག་སྤྲིངས་པ།
ཐུགས་རྗེ་ཞུ་བ་ནི་ནུས་པ་ཤིན་ཏུ་ཆེ་བའི་བསམ་པ་ཞིག་ཡིན། དེར་བརྟེན་ཁྱེད་ཀྱི་ཐུགས་རྗེའི་སེམས་དེ་དྲན་པར་སྣང་། དེ་སྔོན་ཁྱེད་ལ་རོགས་རམ་བྱེད་མྱོང་བའི་མི་གང་རུང་ཞིག་ལ་ཐུགས་རྗེའི་ཞུ་ཡིག་ཞིག་སྤྲིངས་པའམ་ཐུགས་རྗེའི་འཕྲིན་ཆུང་ཞིག་བྲིས་ཏེ་ཁྱེད་ལ་རོགས་རམ་གནང་བར་ཐུགས་རྗེ་ཞུས་དང་། ཞིབ་འཇུག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞན་གྱིས་རོགས་རམ་བྱེད་པར་ཐུགས་རྗེ་ཞུས་ཚེ་རང་ཉིད་ཀྱི་བདེ་སྐྱིད་ཚོར་བ་25%འཕར་སྲིད་ལ། ཞིབ་འཇུག་གཞན་ཞིག་ནས་ཤེས་རྟོགས་བྱུང་བར་གལ་སྲིད་གཟའ་འཁོར་གསུམ་ནང་ཁྱེད་ཀྱིས་གཞན་ལ་ཐུགས་རྗེའི་ཞུ་ཡིག་ཐེངས་གསུམ་ཙམ་བསྐུར་ཚེ་ཁྱེད་ཀྱི་བདེ་སྐྱིད་ཚོར་བ་དང་དང་འཚོ་བའི་འདོད་བློ་ཁེངས་ཚད་ཆེ་རུ་འགྲོ་སྲིད་པ་ཤེས་རྟོགས་ཐུབ།
3. གཞན་ལ་རང་གི་དངུལ་ཕྲན་ཙམ་གཏང་བ།
དངུལ་གྱིས་སྤྲོ་བ་མྱོང་ཐུབ་འོན་ཀྱང་དངུལ་དེ་ངེས་པར་དུ་བེད་སྤྱོད་ཡག་པོ་གཏང་དགོས། ཐབས་ཤེས་སྟབས་བདེ་ཤོས་ནི་རང་དངུལ་ཕྲན་བུ་ཞིག་གཞན་གྱི་དོན་དུ་བཏང་བ་དེ་ཡིན། དེས་ཕྱོགས་གཅིག་ནས་ཁྱེད་ལ་བདེ་བའི་ཚོར་བ་ཞིག་སྦྱིན་ཐུབ་ལ་རང་ཉིད་ལ་འགན་འཁུར་བསམ་པ་དང་ལེགས་སྐྱེས་ཀྱི་བསམ་པ་ཞིག་སྐྱེས་སྲིད། ཕྱོགས་གཞན་ཞིག་ནས་རང་དངུལ་ཕྲན་བུ་གཞན་དོན་ལ་གཏང་བ་དེས་མི་ཕན་ཚུན་བར་གྱི་འབྲེལ་བ་དམ་ཟབ་ཏུ་འགྲོ་སྲིད། དེས་སྤྱི་ཚོགས་ཐོག་མི་ཕན་ཚུན་བར་གྱི་འབྲེལ་བ་ཟབ་དང་བརྟན་དུ་འགྲོ་རྒྱུར་ཕན་པ་ཡོད་པས་ཁྱེད་ཀྱི་གྲོགས་པོའམ་དགའ་ཉེ་བློ་དཀར་ལ་གསོལ་སྟོན་ཐེངས་གཅིག་གཏང་ན་ཁྱེད་ལ་བདེ་བའི་ཚོར་བ་ཞིག་སྦྱིན་ངེས་ཡིན།
4.ལུས་སྦྱོང་བྱེད་པ།
བློ་རྩེ་གཅིག་སྒྲིམ་ཡོང་བ་བྱེད་པ་དང་སྣོན་ཤུགས་ཡང་དུ་གཏང་བའི་བྱ་ཐབས་གང་ཡིན་ཞེ་ན་ལུས་སྦྱོང་བྱེད་པ་དེ་ཡིན། སྡོད་ཁང་ཉེ་འཁོར་དུ་འཆམ་འཆམ་བྱེད་པ་སོགས་ཀྱང་ཕན་ནུས་ཤིན་ཏུ་ཆེ། ང་ཚོ་ཚང་མས་ཤེས་གསལ་ལྟར་ཕྱི་ཡུལ་དུ་ཕྱིན་ནས་ལུས་པོའི་རྐང་ལག་རྣམས་ལ་འགུལ་སྤྱོད་བྱ་དགོས་པ་ལས་ལེ་ལོའི་ངང་ནས་ནང་དུ་བསྡད་མི་ཉན། གལ་ཏེ་ཁྱེད་རང་ཁྱིམ་དུ་བསྡད་ཡོད་ཚེ་དུས་ཡུན་ཐུང་བའི་ཡུལ་སྐོར་ཞིག་བྱ་ན་ལེགས། ཡུལ་སྐོར་དེ་རླངས་འཁོར་སོགས་མི་བསྡད་པར་རྐང་བསྐྱོད་བྱེད་ཐུབ་ན་ལེགས། གལ་སྲིད་ཁྱེད་གཞུང་ལས་ཁང་ནང་དུ་བསྡད་ཡོད་ཚེ་ཉིན་དགུང་གི་ཞལ་ལག་དུས་ཚོད་རིང་ཕྱི་ལ་འཆམ་འཆམ་དང་སྦྲགས་འགྲོ་སྐྱོད་བྱེད་ཐུབ་ཚེ་ལུས་སེམས་གཉིས་ཀར་ཤིན་ཏུ་ནས་ཕན་པོ་ཡོད།
5.རོལ་དབྱངས་ཉན་པ།
སྤྲོ་སྣང་འཕེལ་ཐབས་ཀྱི་བང་རིམ་ནང་བང་རིམ་ཨང་གཉིས་པ་ནི་རོལ་དབྱངས་ཉན་པ་དེ་ཡིན། རོལ་དབྱངས་ཀྱིས་མིའི་སེམས་ཁམས་གསོ་ཐུབ་པ། གང་ལགས་ཤེ་ན་རོལ་དབྱངས་ཀྱིས་མིའི་སྤྲོ་བའི་སེམས་ཁམས་སྐྱེད་སྲིད་ལ་ཐ་ན་མིའི་སེམས་ཁམས་ལ་བདེ་བའི་ཚོར་བ་སྐྱེད་སྲིད།
6.འཆར་གཞི་གདིང་དགོས་པ།
རེ་སྒུག་ཁྲོད་ཀྱི་སྤྲོ་སྣང་དེ་བརྗོད་ཀྱི་མི་ལང་བ་ཞིག་ཡིན། བདེ་སྐྱིད་སྐོར་གྱི་སེམས་ཁམས་མཁས་ཅན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་གསལ། རེ་སྒུག་ཁྲོད་ཀྱི་སྤྲོ་སྣང་དེ་དྲན་གསོའི་ཁྲོད་ཀྱི་སྤྲོ་སྣང་ལས་ཤུགས་ཆེ་བ་ཡོད་པས་ཁྱེད་ཀྱིས་མ་འོངས་པའི་དུས་སུ་འཆར་གཞི་ཞིག་འདིང་གནང་དང་། ཐ་ན་འཆར་གཞི་དེ་ཆུང་ཆུང་ཞིག་ཡིན་ཀྱང་ཁྱོད་ལ་གཞན་དང་མི་འདྲ་བའི་སྤྲོ་སྣང་ཞིག་སྦྱིན་ངེས་ཡིན།
7. དེ་རིང་གི་སྤྲོ་སྣང་ལྡན་པའི་དོན་གསུམ་ཕྱིར་དྲན་བྱེད་པ།
དགོང་མོ་ཉལ་དུས་སུ་ཁྱོད་ཀྱིས་དེ་རིང་གི་ཉིན་དེར་ཐོན་པའི་སྤྲོ་སྣང་ལྡན་པའི་དོན་གསུམ་བསམ་བློ་གཏང་ཚེ་ཁྱོད་ལ་སྤྲོ་སྣང་ཆུང་ཆུང་ཞིག་བྱུང་ཀྱང་ལེགས། དུས་མཚུངས་ཁྱོད་ཀྱིས་སྤྲོ་སྣང་ལྡན་པའི་དོན་དག་ཐོན་དགོས་དོན་གང་ཡིན་ཐད་བསམ་བློ་གཏང་དང་། ཞིབ་འཇུག་ཅིག་གིས་ཤེས་རྟོགས་བྱུང་གསལ། ཁྱོད་ཀྱིས་ཉིན་ལྟར་སྤྲོ་སྣང་ལྡན་པའི་དོན་དག་བསམ་བློ་གཏང་བ་དེ་ཟླ་བ་དྲུག་རྒྱུན་འཁྱོངས་བྱས་ཚེ་ཁྱོད་ཀྱི་བདེ་སྐྱིད་ཀྱི་ཚོར་བ་དེ་གོང་མཐོར་འགྲོ་སྲིད་ལ་སེམས་ཁམས་ཐད་ལའང་གུ་དོག་པའི་སེམས་ཁམས་མི་ཡོང་བར་སྔོན་འགོག་ཡོང་སྲིད།
8. ཁྱོད་ཀྱི་ལས་གང་ཞིག་ལ་མཁས་ཀྱང་དེ་སྤྱོད་གནང་དང་།
དུས་རྒྱུན་དུ་མི་རྣམས་ནི་རང་གིས་འཇོན་པའམ་མཁས་པའི་ལས་དེ་སྤྱོད་པས་རང་ཉིད་ལ་དགའ་སྣང་གི་བསམ་པ་ཞིག་བྱུང་སྲིད། ཁྱོད་ཀྱིས་འཇོན་པའམ་མཁས་པའི་ལས་དཔེར་ན་ལུས་རྩལ་དང་མི་ཕན་ཚུན་བར་འབྲེལ་འདྲིས་བྱེད་པ། ཐ་ན་མི་ཕན་ཚུན་བར་ལ་དགོད་སྤྲོ་བའི་བཞད་གད་སློང་བ་སོགས་སྤྱོད་ན་ཤིན་ཏུ་ནས་བཟང་ལ་རང་ཉིད་ཀྱང་སྤྲོ་སྣང་དང་ལྡན་པའི་མི་ཞིག་ཏུ་འགྱུར་སྲིད།
9. ཉིན་མོའི་གཉིད་ལམ་ཐུང་ཐུང་ཞིག་གཏང་བ།
དུས་རྟག་ཏུ་ང་ཚོའི་བསམ་པར་འདྲ་མིན་སྣ་ཚོགས་ཀྱི་བསམ་བློ་འཁོར་བཞིན་ཡོད་ལ་བསམ་པ་དེ་དྲང་ཕྱོགས་དང་བདེ་ཐང་ཡིན་ན་ཤིན་ཏུ་ནས་བཟང་། ཞིབ་འཇུག་ཅིག་གིས་ཤེས་རྟོགས་ཐུབ་གསལ། བདེ་སྐྱིད་ཀྱི་ཚོར་བ་འཕེལ་ཤུགས་མགྱོགས་ཤོས་ནི་རང་ཉིད་ལ་སྤྲོ་སྣང་དང་གྲུབ་འབྲས། དེ་བཞིན་བརྩེ་དུང་སོགས་ཀྱི་དོན་དག་ལ་ཕྱིར་དྲན་བྱེད་པ་དེ་ཡིན། རང་ཉིད་ལ་སྤྲོ་སྣང་མ་ཡིན་པའི་དོན་དག་ཀྱང་འཕྲད་སྲིད་འོན་ཀྱང་ཁྱོད་ཀྱིས་མི་སྐྱིད་པའི་དོན་དག་སྤྲོ་སྣང་གིས་བརྗེད་པར་བྱས་ནས་མུ་མཐུད་དུ་རང་ཉིད་ཀྱི་ཉིན་མོའི་གཉིད་ལམ་ཐུང་ཐུང་ཞིག་ལ་རོལ་ཚེ་ཁྱོད་ལ་ཕན་པ་ཆེན་པོ་ཡོང་ངེས་པར་སྙམ། ( བསོད་དབང་གིས་སྒྱུར། )