རང་ལྗོངས་ཀྱི་སྐབས་དང་པོའི་དབང་སྐྱོན་པའི་ལུས་རྩལ་འགྲན་ཚོགས་དེ་ཟླ་1ཚེས་31ཉིན་ལྟ་སའི་སློབ་འབྲིང་བརྒྱད་པའི་ལུས་རྩལ་ཁང་ནང་དུ་སྤེལ་ཡོད་ཞིང་། ད་ཐེངས་ཀྱི་བྱེད་སྒོ་དེ་རང་ལྗོངས་ཀྱི་རྐང་ལག་བདེ་མེད་མཐུན་ཚོགས་དང་འོན་པ་ཚོགས་པ། དེ་བཞིན་ལྷ་སའི་འཁོར་བ་དང་བླངས་ཚོགས་པ་བཅས་ཀྱིས་མ་དངུལ་རང་གསོག་བྱས་ཏེ་ད་ཐེངས་ཀྱི་བྱེད་སྒོ་དེ་སྤེལ་ཡོད། ད་ཐེངས་ཀྱི་ལུས་རྩལ་བྱེད་སྒོ་དེའི་ནང་གསེས་སུ་དབང་སྐྱོན་པའི་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལག་རྩེད་སྤོ་ལོའི་འགྲན་བསྡུར། འོན་ལྐུགས་ཀྱི་དབང་སྐྱོན་པའི་ཐག་འཐེན་འགྲན་བསྡུར་དང་རྨིད་100རྒྱུག་ཤར་འགྲན་བསྡུར། རྐུབ་སྟེགས་འཁོར་ལོའི་མྱུར་ཚད་འགྲན་བསྡུར། རྐུབ་སྟེགས་འཁོར་ལོ་ཅན་གྱི་ཞ་གོང་འགྲན་བསྡུར་སོགས་འགྲན་བསྡུར་གྱི་རྣམ་གྲངས་ཤིན་ཏུ་མང་།
![ST20150205596647711635.jpg](https://tb.xzxw.com/pic/2015-02/05/W020150205598075813023.jpg)
འདི་ནི་རྐང་ལག་བདེ་མེད་མཐུན་ཚོགས་ཀྱི་ཚོགས་མིས་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
སྤྲོ་སྣང་ལྡན་པའི་བྱེད་སྒོ་དབང་སྐྱོན་པའི་སེམས་ཁམས་གསོ་བའི་བདུད་རྩིའི་མཆོག་སྨན་ཏུ་འགྱུར།
འགྲན་བསྡུར་ནང་བཞུགས་མཁན་གྱི་རྐང་ལག་བདེ་པོ་མེད་པའི་འགྲན་བཞུགས་པ་ཞིག་གིས་བཤད་དོན་དུས་རྒྱུན་རང་ཉིད་རྐང་ལག་བདེ་པོ་མེད་རྐྱེན་སྤྱི་པའི་ཁོར་ཡུག་སོགས་ལ་མི་འགས་ཡ་མཚན་པའམ་ཀུན་དང་མི་འདྲ་བའི་མིག་གིས་བལྟ་དུས་རང་ཉིད་ཀྱི་སེམས་ནང་མི་བདེ་པ་སོགས་ཀྱིས་སེམས་ཁམས་མི་བདེ་བས་དུས་རྒྱུན་སྤྱིར་མང་ཆེ་བ་ནང་དུ་འཛུལ་ནས་བསྡད་པ་ལས་ཕྱི་ལ་ཕལ་ཆེར་མི་ཐོན་པས་ལུས་པོའི་སྦྱོང་བརྡར་བྱེད་པ་སོགས་ནི་ཤིན་ཏུ་ནས་མཐོང་རྒྱུ་དཀོན། འོན་ཀྱང་ད་རེས་འཁོར་པ་དང་བླངས་ཚོགས་པ་དང་ལྗོངས་རྐང་ལག་བདེ་མེད་ཚོགས་པ། འོན་པ་ཚོགས་པ་སོགས་ཀྱིས་བྱེད་སྒོ་དེ་འདྲ་སྤེལ་བས་གཅིག་ནས་རང་ཉིད་ཀྱང་རྐང་ལག་བདེ་མ་ཅན་བཞིན་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་ཐུབ་སོང་ལ། གཉིས་ནས་རང་ཉིད་ལའང་སྤྲོ་སྣང་དང་གྲུབ་འབྲས། དགའ་སྤྲོ་དང་རྩོད་ལེན། སེམས་ཤུགས་དང་རེ་བ་བཅས་ཀྱི་གནས་ལུགས་མང་པོ་ཤེས་རྟོགས་ཐུབ་བྱུང་ཞེས་རྐང་ལག་བདེ་པོ་མེད་པའི་འགྲན་བཞུགས་པ་ཞིག་གིས་གསར་འགོད་པར་བརྗོད་བྱུང་།
![ST20150205621154624767.jpg 1.jpg](https://tb.xzxw.com/pic/2015-02/05/W020150205621269001445.jpg)
འདི་ནི་འོན་ལྐུགས་ཚོགས་པའི་ཚོགས་མིས་སྨི100 མགྱུགས་ཤར་འགྲན་བསྡུར་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
དབང་སྐྱོན་པ་དང་ཁོང་ཚོའི་ནང་མིའི་བར་གྱི་བརྩེ་སེམས་སྔར་བས་དམ་ཟབ་ཏུ་ཕྱིན།
ཐག་འཐེན་འགྲན་བསྡུར་ནང་དབང་སྐྱོན་པ་ཙམ་མ་ཟད་པར་དབང་སྐྱོན་པའི་ནང་མི་སོགས་འགྲན་བསྡུར་ནང་བཞུགས་ནས་ཁོ་ཚོའི་བར་གྱི་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་ཡོད་ལ་དབང་སྐྱོན་པའི་ནང་མིས་ཀྱང་དགའ་སྤྲོ་ཆེན་པོའི་ངང་ནས་ད་ཐེངས་ཀྱི་བྱེད་སྒོར་དོན་སྙིང་ཆེན་པོ་ལྡན་ཡོད་ལུགས་དང་སླད་མ་འོངས་པའི་དུས་སུ་བྱེད་སྒོ་དེ་རིགས་གང་མང་སྤེལ་གནང་རྒྱུའི་རེ་འདུན་ཞུས་ཡོད། དབང་སྐྱོན་པའི་ནང་མི་ཞིག་གིས་ཕྲུ་གུ་དུས་རྒྱུན་སྤྱི་པའི་ཁོར་ཡུག་ ཇ་ཁང་དང་སྤྱི་སྤྱོད་ལྡུམ་རྭ སོགས་ལ་འགྲོ་རྒྱུར་ཤིན་ཏུ་ནས་དགའ་པོ་མི་བྱེད་ལ་དུས་རྒྱུན་ནང་དུ་ནང་མི་དང་མཉམ་དུ་ཕན་ཚུན་ཁ་བརྡ་སོགས་བྱེད་པ་ཧ་ཅང་ཉུང་། དེས་རྐྱེན་པས་ཕྲུ་གུའི་གདོང་ནས་མངོན་པའི་དགའ་སྤྲོའི་འཛུམ་མདངས་སོགས་ནི་ཤིན་ཏུ་ནས་དཀོན་དེས་རྐྱེན་ནང་མི་ཞིག་ཡིན་པའི་ངོས་ནས་སེམས་ཧ་ཅང་སྡུག འོན་ཀྱང་ད་རེས་ཀྱི་བྱེད་སྒོས་ཕྲུ་གུའི་དགའ་སྤྲོའི་འཛུམ་མདངས་སོགས་མཐོང་དུས་སེམས་ཤིན་ཏུ་ནས་དགའ་པོ་འདུག་ལ་བྱེད་སྒོ་སྤེལ་མཁན་དང་སྒྲིག་འཛུགས་གནང་མཁན་གྱི་སྤྱི་ཚོགས་ཐོག་གི་སེམས་བཟང་ཅན་ཚོར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསར་འགོད་པར་གསུངས་བྱུང་།
![ST20150205618587892295.jpg 3.jpg](https://tb.xzxw.com/pic/2015-02/05/W020150205618684827683.jpg)
འདི་ནི་རྐང་ལག་བདེ་མེད་མཐུན་ཚོགས་ཀྱིས་ལུས་རྩལ་འགྲན་བསྡུར་ནང་བཞུགས་པའི་གནས་ཚུལ་ཡིན་པ།
སྤྱི་ཚོགས་ཀྱི་དྲང་ནུས་སྤེལ་ནས་འཆམ་མཐུན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད།
བྱེད་སྒོ་སྒྲིག་འཛུགས་དང་གཙོ་གཉེར་བྱེད་མཁན་གྱི་གྲས་ཤིག་སྟེ་འཁོར་བ་དང་བླངས་ཚོགས་པའི་འགན་འཁུར་མི་སྣས་བརྗོད་དོན་འཁོར་བ་ཚོགས་པས་མ་དངུལ་རང་གསོག་དང་སྤྱི་ཚོགས་ཐོག་གི་སེམས་བཟང་ཅན་ཚོས་ཞལ་འདེབས་དངུལ་ཕྲན་བུ་སོགས་ཀྱིས་ད་ཐེངས་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད་ལ་འགྲན་བསྡུར་གྱི་བང་རིམ་བསྒྲིགས་པ་དང་ཁོང་ཚོར་དཔེ་བཟང་སྤྲོད་པ་སོགས་བྱས་ནས་གཅིག་ནས་ཁོང་ཚོ་ལུས་བདེ་སེམས་སྐྱིད་ངང་ནས་འཚོ་གནས་བྱེད་རྒྱུའི་འདུན་པ་བཅངས་ཤིང་གཉིས་ནས་ཁོང་ཚོར་སྤྱི་ཚོགས་ཐོག་གི་དྲོ་སྐྱིད་ཚོར་ཐུབ་ཆེད་ཀྱང་ཡིན་ཞེས་བཤད་བྱུང་།
རྩོམ་སྒྲིག་པའི་སྙིང་གཏམ་དྲོན་མོ།
འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་དུས་རབས་འདིར་མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་ཉེ་འགྲམ་གྱི་མི་སྣ་དང་ཉམ་ཆུང་ཚོགས་པར་རོགས་རམ་བྱེད་རྒྱུ་ནི་ཁྱེད་དང་ང་ཙམ་མ་ཟད་སྤྱི་ཚོགས་ཡོངས་ཀྱི་འགན་འཁྲི་ཞིག་མ་རེད་དམ། གལ་སྲིད་རང་ཉིད་ཀྱིས་དཔལ་འབྱོར་ཐོག་ནས་གཞན་ལ་རོགས་རམ་བྱེད་མ་ཐུབ་ཀྱང་ཁྱེད་ཀྱིས་སེམས་གཏིང་ནས་གཞན་ལ་མངོན་པའི་འཛུམ་མདངས་ཤིག་ཀྱང་ཁྱེད་ཀྱིས་ཉམ་ཆུང་ཚོགས་པར་རོགས་རམ་བྱེད་པ་དང་གཉིས་སུ་མ་མཆིས།