བཟའ་བཅའི་རིགས་ཀྱི་ནུས་ཚད་འདོན་སྤྲོད་བྱས་རྗེས་ད་གཟོད་ང་ཚོ་མིའི་རིགས་ཀྱི་ཀླད་པ་དང་ལུས་ཕུང་ལ་འགུལ་སྐྱོད་བྱུང་ཐུབ་པ་ཡིན་ལ།དེའི་ནང་དུ་ཟས་བཅུད་ཆེས་གལ་ཆེ་བ་ནི་ཐཱན་ཆུ་འདྲེས་འགྱུར་རྫས།སྤྲི་དཀར་རྫས།སྣུམ་ཚིལ།འཚོ་བཅུད།གཏེར་རྫས་བཅས་རྣམ་པ་ལྔ་ཡིན།གོང་གི་རྫས་འདི་དག་གིས་ལུས་ཕུང་འགུལ་སྐྱོད་དང་ལུས་ཁམས་ཀྱི་ནུས་པ་སྙོམ་སྒྲིག་བྱེད་ཀྱིན་ཡོད་ཅིང༌།གོང་གི་ཟས་བཅུད་ལྔ་བོ་ལས་སྣ་གཅིག་ཆད་ན་ལུས་ཁམས་དོ་མི་མཉམ་པའི་ནད་རིགས་འབྱུང་སླ་བས་སྣ་ཁ་གཅིག་ཀྱང་མེད་མི་རུང་བ་ཡིན།
གལ་ཏེ་ཟས་བཅུད་ཀྱིས་མ་འདང་ཚེ།གཟུགས་གཞི་ཇེ་ཞན་དུ་སོང་ནས་ནད་རིགས་འབྱུང་སླ་མོད།འོན་ཀྱང་ཡིད་འཇོག་བྱེད་དགོས་པ་ཞིག་ལ།ཟས་བཅུད་འདོན་སྤྲོད་ཚད་ལས་བརྒལ་ན་ལུས་ཕུང་ལ་གནོད་པ་ཡོད་ངེས།རྒྱུ་མཚན་ནི་ཟས་རིགས་སྣ་ཚོགས་ཀྱི་ནང་དུ་འདུས་པའི་ཟས་བཅུད་ཀྱང་མི་འདྲ་བས།ཟས་རིགས་སྣ་མ་སྣ་ཚོགས་ཟ་དུས་འཚོ་བཅུད་དོ་མཉམ་པོ་ཡོང་ན་ལུས་ཕུང་ལ་ཕན་པ་ཡོད།དེ་ལས་ལྡོག་ན་གནོད་པའི་རྒྱུ་ལས་མེད་དོ།