དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྣམ་གླིང་རྫོང་གི་ནུབ་ཁུལ་ཞབས་ཞུའི་དང་བླངས་སློབ་ཆེན་སློབ་མས་བརྩེ་བ་བཅངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    448a5bbbacc816202fa20b.jpg

    ཉེ་དུས།གུང་གཞོན་སྡེ་ཚོགས་རྣམ་གླིང་རྫོང་ཨུ་ཡོན་ལྷན་ཁང་དུ་རྒྱལ་ཡོངས་ས་ཕྱོགས་ཁག་ནས་བསྐུར་ཡོང་བའི་བརྩེ་སེམས་ཀྱི་གྱོན་གོས་སྒྱེ་མོ་60སྟེ་ཕལ་ཆེར་གྲངས་2000ལྷག་དང་།ལྷམ་སྒྱེ་མོ་2ཕལ་ཆེར་ལྷམ་ཆ་50དེ་བཞིན་རིན་ཐང་སྒོར་ཁྲི་གཅིག་ལྷག་གི་དགུན་ཁའི་བྱ་སྤུའི་སྟོད་གོས་གསར་པ་གྲངས་54དང་ཕུ་མེད་སྟོད་གོས་28བཅས་ལག་འབྱོར་ཐུབ་ཡོད།“ལེགས་སྐྱེས།”“མཛའ་བརྩེ།”“རོགས་སྐྱོར།”“ཡར་ཐོན།”གྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་འཕེལ་བཏང་ཆེད་རིན་སྤུངས་རྫོང་གི་དབུལ་ཕོངས་སློབ་མར་རོགས་སྐྱོར་བྱས་ཡོད།2014ལོའི་ཟླ་12ཚེས་6ཉིན་གུང་གཞོན་སྡེ་ཚོགས་རྣམ་གླིང་རྫོང་གིས་རང་རྫོང་གི་ནུབ་ཁུལ་ཞབས་ཞུ་དང་བླངས་སློབ་ཆེན་སློབ་མ་11སྒྲིག་འཛུགས་བྱས་ཏེ་བརྩེ་སེམས་ཀྱི་ཅ་དངོས་དག་རྣམ་གླིང་རྫོང་སློབ་འབྲིང་དང་པོར་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ཡོད།

    རྣམ་གླིང་རྫོང་གི་གུང་གཞོན་སྡེ་ཚོགས་ཀྱིས་2014ལོའི་ནང་“ཅ་དངོས་ཞལ་འདེབས་བརྒྱབ་ནས་བརྩེ་བ་བཅངས”སོགས་དགུན་དུས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་ལ་རྣམ་གླིང་རྫོང་གི་དབུལ་ཕོངས་སློབ་མར་དྲོ་སྐྱིད་ལྡན་པའི་དགུན་དུས་ཤིག་ཡོང་བ་བྱས་ཡོད།རང་རྫོང་གི་ནུབ་ཁུལ་ཞབས་ཞུ་དང་བླངས་སློབ་ཆེན་སློབ་མས་ཧུར་བརྩོན་ཆེན་པོས་ནང་སའི་མཐོ་སློབ་ཀྱི་གུང་གཞོན་སྡེ་ཚོགས་དང་དྲ་བ།རང་སོ་སོའི་ངོ་ཤེས་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ནང་སའི་སློབ་ཆེན་དང་སྤྱི་ཚོགས་ཐོག་གི་སྤྱི་ཕན་སྒྲིག་འཛུགས་དང་བྱམས་སེམས་ཅན་གྱི་མི་སྣ་སོགས་ཀྱིས་གནང་བའི་ཞལ་འདེབས་ཅ་དངོས་རྣམས་བསྡུ་རུབ་བྱས་ཐུབ་ཡོད།དང་བླངས་པ་ཚོས་ད་ཐེངས་ཀྱི་ཅ་དངོས་ཞལ་འདེབས་ཕུལ་བའི་སྤྱི་ཕན་བྱེད་སྒོ་བརྒྱུད་དེ་མི་ཚང་མས་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པར་རོགས་རམ་བྱས་ཏེ་བྱིས་པ་ཚོ་བདེ་སྐྱིད་དང་སྤྲོ་སྣང་ངང་འཚར་ལོངས་ཡོང་རྒྱུར་སྨོན་འདུན་ཞུས་ཡོད།

    བྱེད་སྒོའི་ཁྲོད་སློབ་མ་ཚོས་ལག་ཏུ་ཞལ་འདེབས་བརྒྱབ་པའི་སྟོད་གོས་སོགས་ཐོགས་ནས་གདོང་ནས་འཛུམ་མདངས་མངོན་བཞིན་མཆིས།སློབ་མ་བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད་དོན།གཅེན་པོ་གཅེན་མོ་ཚོས་ཅ་དངོས་རྣམས་འཁྱེར་ཡོངས་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ངས་ཀྱང་སློབ་སྦྱོང་ལ་སྔར་ལས་ལྷག་པའི་ངང་ནས་འབད་བརྩོན་བྱེད་རྒྱུ་ཡིན་ལ་མ་འོངས་པར་ཁོང་རྣམ་པའི་ཐུགས་རེ་ཆུ་ཟོད་དུ་མི་འགྲོ་བ་བྱེད་ངེས་ཡིན་ཞེས་བརྗོད་བྱུང་།འཛིན་བདག་སྐལ་བཟང་ལགས་ཀྱིས་དང་བླངས་པ་ཚོའི་ལག་ཟུང་དམ་དུ་བཟུང་ནས་བཤད་དོན།ཁྱེད་རྣམ་པར་ཐུགས་རྗེ་ཞུ་རྒྱུ་དང་སྐུ་ལས་ཁག་སོང་།ཁྱེད་རྣམ་པས་ཅ་དངོས་དེ་དག་བསྐུར་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རོགས་ཞེས་བཤད།

    ད་ཐེངས་ཀྱི་རྣམ་གླིང་རྫོང་གི་ནུབ་ཁུལ་ཞབས་ཞུ་དང་བླངས་སློབ་ཆེན་སློབ་མས་སྤེལ་བའི་བྱེད་སྒོ་དེ་ནི་བྱེད་སྒོའི་རྣམ་གྲངས་གཅིག་ཙམ་ཡིན་པས་མ་འོངས་པའི་དུས་སུ་བརྩེ་སེམས་ཀྱི་བྱེད་སྒོ་གང་མང་སྤེལ་རྒྱུ་ཡིན་འདུགརྣམ་གླིང་རྫོང་གུང་གཞོན་སྡེ་ཚོགས་ཀྱིས་སྔར་ལས་ལྷག་པའི་ངང་ནས་འབྲེལ་མཐུད་ཀྱི་ནུས་པ་འདོན་རྒྱུ་ཡིན་འདུག་ལ།སྤྱི་ཚོགས་ཐོག་གི་བརྩེ་སེམས་ཅན་དང་རང་རྫོང་གི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མའི་བར་ལ་འབྲེལ་བ་བྱེད་པའི་ལས་དོན་དམ་ཟབ་སྤེལ་ནས་བརྩེ་སེམས་ཀྱི་ཅ་དངོས་གང་མང་ཞིག་ཆེས་དབུལ་ཕོངས་དང་ཆེས་རོགས་རམ་བྱེད་དགོས་ངེས་ཀྱི་སློབ་མའི་ལག་ཏུ་སྤྲད་དེ་སྤྱི་ཚོགས་ཐོག་གི་སེམས་བཟང་ཅན་ཚོའི་བསམ་འདུན་གྲུབ་པར་བྱེད་རྒྱུ་དང་དབུལ་ཕོངས་ཀྱི་སློབ་མར་ཕན་བདེ་གང་མང་བསྐྲུན་རྒྱུ་ཡིན་འདུག

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།